R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 17
[A:17]གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར༑ ཚེ་སྟོད་ལ་ཐོས་བསམ་གཙོ་བོར་བྱས། ཡོན་ཏན་གྱི་མཐའ་མེད་པའི་ཡོངས་འཛིན་ཆེན་པོ་རྣམས་ལེགས་པར་བསྟེན་ཅིང་མཉེས་ནས་བརྩེ་བས་བསྐྱངས་ཞེས་པར་འདུས་ལ། རྐང་པ་དང་པོར་བསྟེན་ཡུལ་གྱི་ཡོན་ཏན་དུ་སྦྱོར་ན༑ མཁྱེན་བརྩེ་རབ་མཐར་སོན་ཞེས་བརྗོད་ནའང་རུང་ངོ༌། །དེ་ཡང་རིམ་ཅན་དུ་བརྗོད་ན། ལོ་ཆེན་ཆོས་ཀྱི་རྒྱལ་པོ་དང༌། རྒྱ་སྟོན་ཤཱཀྱ་བཟང་པོ་དང༌། བཅོམ་ལྡན་གྲགས་པ་འཕེལ་རྣམས་ནི་བྱིས་པ་ཆུང་ངུ་ཉིད་ནས་བསྟེན། དེ་རྗེས་ལོ་བཅོ་ལྔ་སྐོར་ཐོབ་རྒྱལ་དུ་སྡོད་དུས། རྒྱ་སྟོན་བསོད་ནམས་ཆོས་མཆོག་པ་ལ། ཚེ་དཔག་མེད་ཛེ་ཏཱ་རིའི་དབང་བསྐུར་ཞུས། མེ་ཏོག་ཕྲིན་ལས་ཚེ་དཔག་མེད་ལ་ཕོགགསང་མཚན་དོན་ཡོད་རྡོ་རྗེའམ་ཨ་མོ་གྷ་བཛྲ་བཏགས། རྣམ་རྒྱལ་གྱི་བསྟོད་པ་དང༌༑ གཟུངས་རིང་གི་ལུང་ཐོབ། ཕྱིས་རབ་བྱུང་བྱས་ལོ་དེ་ཉིད་ཀྱི་དབྱར་མཁན་པོ་རིན་པོ་ཆེའི་དྲུང་དུ། གཤེད་དམར་ལྷ་ལྔའི་དབང་བསྐུར་ཞུས། མེ་ཏོག་དམོད་བོར་ཏེ་དོར་བས་ཀྱང༌། བྱང་གི་གཤིན་རྗེ་གཤེད་ལ་ཕོགགསང་མཚན་དྲིས་པ་ན། ཅུང་ཟད་གསང་སྟེ། ད་ལན་གཅིག་ཅིས་ཀྱང་གནང་བར་ཞུ་ཞེས་ཞུས་པས་ཀྱང༌༑ དོན་ཡོད་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ཞེས་གསུངས་སོ། ཁམས་པ་ཆོས་རྗེ་གྲགས་པ་བཟང་པོའི་དྲུང་དུ། གཤེད་དམར་ལྷ་ལྔའི་དབང༌། ཚེ་རྟ་སྦྲག་མའི་དབང༌། རྣམ་དག་གཙུག་ནོར་གྱི་ལུང་ལ་སོགས་པ་མང་པོ་ཞུས། ཤིན་ཏུ་དགྱེས་སཽ། །བྲག་ནག་མཁན་ཆེན་སེངྒེ་བཟང་པོ་ལ། ཐོབ་རྒྱལ་དུ་སྡོད་དུས༑ ཚེ་དཔག་མེད་ལྷ་དགུའི་དབང་ལ་སོགས་པ་ཐོབ། ཕྱིས་སློབ་གཉེར་དུས། སྨན་བླ་སྤྲུལ་སྐུའི་རྗེས་གནང་ཞུས། ཤིན་ཏུ་དགྱེས་པར་གནང་ངོ༌། །གཞན་ཡང་