R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 19
[A:19]ལས་མི་ཡོང༌། དེ་བས་རྩེ་གདོང་བླ་བྲང་བ་འདི་རྩ་བའི་དཔོན་པོ་ཡིན། ཁྱད་པར་ལང་འགྲོ་ཕུའི་བོགས་བདག རང་རེའི་ཨ་ཁུས་བྱེད་བཞིན་པ་འདི། ཁོང་ལ་འདས་གྲོངས་སོགས་བྱུང་ན། གཞན་དུ་འཕྱུག་ཉེས་ཀྱང་ཡོད་པས། རྩེ་གདོང་དུ་ཕྱག་རྟེན་ཕུལ་ན་ལེགས། དེ་ཡང་རྣམ་གླིང་པ་འདྲིད་པའི་ཐབས་སུ། ཆོས་འཁོར་དུ་ཐོག་མ་བཙུན་པ་བྱས༌། དེ་རྟིང་རིན་གྱིས་དྲུང་སྐོར་བྱས་ན་ལེགས་ཅེས་སོགས་སྨྲ་མཁས་བྱས་པས། ཞག་ཤས་འབྲིད་ཐུབ། ཕ་མས་གནང་བའི་རབ་བྱུང་གཅིག་ཡོང་ལ་ཁད་ལ། མི་རྒན་འགྱུར་སླར་ཡང་འབྲོས་ཐབས་ཀྱི་བསམ་པ་ཤར། དེ་དུས་ཆོས་འཁོར་བའི་དགེ་སྦྱོང་ཞིག་གི་མཚན་ཉིད་ལམ་རིམ་བཞེངས་པའི་ཡི་གེ་པ་བཅོལ། ཉིན་དགུང་ཡི་གེ་བྲིས། སྔ་དགོང་ལྟ་རྟོག་བྱས། ཚིག་དོན་རགས་པ་ཟིན༑ ཆོས་རྗེ་ལོ་ཆེན་གྱིས་མཛད་པའི་གནས་བརྟན་ཕྱག་མཆོད་ཆེན་མོ་བློ་ལ་བཟུངས༑ སྲོད་ཐོ་རེངས་ཐུགས་དམ་དུ་བྱས། དེ་འདྲའི་འཕྲོས་གླེང་རྣམས་འུག་ཚང་རིན་པོ་ཆེའི་དྲུང་དུ་བྱུང༌། ཁོང་གིས་ཆོས་རྗེ་སེང་གེའི་མཚན་ཅན་ལ་ཞུས་པས༑ ད་ཁོང་རང་ཧོར་འདྲས་ཅི་བྱེད། བཙུན་པ་བྱེད་རྒྱུ་ཅིས་ཀྱང་ཡིན་གསུང་བ་བྱུང༌༑ འུག་ཚང་རིན་པོ་ཆེ་ལ་འཕེན་རྒྱུད་པ་ཞུས། རབ་བྱུང་གི་དུས་ཚེས་སོགས་འགྲིགས༑ དེ་དུས་ཆང་ལ་གོམས་ནས་སྲེད་པོ་རང་ཡོད་པ། སང་བཙུན་པ་ལ་འབྲོས་པའི་དོ་ནུབ་ཆང་མང་དུ་བསགས། གྲོགས་བདུན་བརྒྱད་དང་ལྷན་ཅིག་ཤ་བསྲེགས་སོགས་དང་བཅས་པའི་ཆང་གི་ཡོ་ལང་བྱས། དོ་ནུབ་ཆང་ལ་ཕྱི་ཐག་བསྲིང་པ་ཡིན། ཞེས་སྨྲས་པ། དེ་ནུབ་ཁོང་རྣམས་ཀྱི་མ་གོ་སང་བཙུན་པ་ཚར་བའི་སྐད་ཆ་ཚོར་ནས་གོ་ཞེས་གྲགས། སང་སྔ་མོར་ཚ་བ་བྱས། དེ་རིང་ཆོས་འཁོར་ལ་དོན་གཅིག་ཡོད་པས་འགྲོ་ཞེས་གསང་ནས་གྲོགས་པོ་བསོད་རིན་ཁྲིད་ནས་ཕྱིན།