R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 26
[A:26]མཚན་རྩིས། དཀའ་གནད་ཀྱི་ཕྱག་འཁྲིད། ཤོག་ཁྲ་སོགས་ཡོངས་སུ་རྫོགས། དགུན་ཁ་གོང་གསུམ་བདེ་ཆེན་དུ་རྫོགས་རིམ་གནང་རྩིས་ལ། ཆོས་འཁོར་དུ་གསང་འདུས་ཀྱི་གསེར་སྐུ་བཞེངས་པའི་ཁ་བཀོད་ལ་ཤོག་གསུང་ནས་ཕྱིན། དཔྱིད་ཀ་སྐྱར་ནས་ཕྱིན་པས། ཤིན་ཏུ་མཉེས་ཏེ། སྔར་གཞན་ལ་མ་གནང་པའི་ཟིན་བྲིས་ཁྱད་པར་ཅན་མཛད་འདུག་པ་གནང༌། བཤད་པ་ཚར་གཅིག་ལས་ལྷག་པའི་རྟོགས་པ་སྐྱེས། མངོན་དཀྱིལ་སྦྱིན་བསྲེག་རབ་གནས་སོགས་ཀྱི་ཕྱག་འཁྲིད། དབང་བསྐུར་རྒྱས་པ། རྫོགས་རིམ་ཀྱི་མྱོང་འཁྲིད་སོགས་ཚང་མ་རྫོགས་པ་ གནང༌༑ གཞན་ཡང་སོ་འབྲང་གི་དབང་དང༌། རྣམ་སྲས་ཀྱི་རྗེས་གནང་སོགས་དང༌༑ འཕྲལ་གྱི་བཟའ་བཏུང་ཤིན་ཏུ་གྱ་ནོམ་པ་དང༌། ཕྱག་དྲིལ་ཁྱད་པར་ཅན་དུས་འཁོར་ཡབ་ཡུམ་དུ་བསྐྱེད་ནས་གནང་སྟེ། ཐག་རིང་དུ་སྐྱེལ་མ་དང་བཅས་ནས་བྱིན་བརླབས་རྒྱས་པ་གནང་ངོ༌། །དེའི་དབྱར། ཤབ་དཔལ་སྡིངས་སུ། སེམས་དཔའ་ཆེན་པོ་སྐད་གཉིས་པ་ཐུགས་རྗེ་དཔལ་བཟང་པོའི་དྲུང་དུ་ཀ་ལཱ་པ་དང་ཙནྟྲ་པའི་སློབ་གཉེར་ལ་ཕྱིན་པས། སྤྱིར་ཆོས་འཁོར་བའི་རྗེ་ཡབ་སྲས་ཀུན་དང་འབྲེལ་ཤིན་ཏུ་ཆེ་བར་འདུག་པ་དང༌། ཁྱད་པར་མདང་རྣལ་ལམ་དུ་དགེ་སློང་ཆོས་གོས་ངུར་སྨྲིག་དང་ལྡན་པ་ཁྱད་པར་ཅན་གཅིག་དང་མཇལ་བ་རྨིས་གསུངས་ནས་ཤིན་ཏུ་དགྱེས་པས་བསུ་བ་གནང༌། སྔ་དྲོ་ཙནྟྲ་པ་དང༌། ཕྱི་དྲོ་ཀ་ལཱ་པའི་གསུང་ཆོས་བཙུགས། དུས་འཁོར་ལ་སྔ་མོ་ནས་འབྲས་སྤུངས་ཆོས་རྗེའི་དྲུང་དུ། བསྡུས་རྒྱུད་ཀྱི་ལུང་ཞུས་ནས་རྒྱུད་བཟུང༌། དེ་གོང་ཆོས་འཁོར་དུ་རྡོར་ཕྲེང་ཐོབ་མ་ཐག་ནས་མངོན་རྟོགས་བཟུང༌། ས་རིས་རགས་པའང་སྔ་མོ་ནས་ཤེས་པའི་སྟོབས་ཀྱིས་ཅུང་ཟད་སླ་བར་བྱུང་ནའང༌། རིགས་གནས་འདི་ལ་སྔ་མའི་བག་ཆགས་མ་