R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 25
[A:25]ཡོང་ཁར་སྐྱེལ་ཐུང་དང་ཕྱག་ལེན་གནང༌། ངོས་ལྐོག་ཀུན་ཏུ་བསྔགས་པ་མཆོག་ཏུ་གྱུར་པ་གནང་ངོ༌། །དེ་བཞིན་དུ་འཇམ་དབྱངས་ཆོས་རྗེས་ཀྱང༌། ད་ལན་གཙང་ནས་རྩ་བའི་བླ་མའི་བཀའ་ནན་འདུག་པས་སོང་ལ་བཤད་སྦྱོང་ནན་ཆེ་བར་ཞུས། སླར་ཡང་དབུས་སུ་ཅིས་ཀྱང་ཤོག་གསུང་པ་དང༌། སྡེ་སྣོད་བཞི་པར་མིང་འདོགས་པ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཞལ་གདམས་གནང་བ་སོགས་ཀྱིས་རྗེས་སུ་བཟུང་ཞིང༌། འབྲས་སྤུངས་སུ་ཕན་དུ་རེ་བ་ཡང་མཛད་ཅེས་ཀུན་ལ་གྲགས་སོ། །གསང་ཕུར་བསྡད་པའི་དབྱར་དེར། རོང་སྟོན་ཆེན་པོ་ཤཱཀྱ་རྒྱལ་མཚན་ཡང་ཕེབས་ཏེ་ཚོགས་པ་ཀུན་ལ་ཆོས་གསུང་བའི་འབུམ་ཊཱིཀ་དང༌། མེ་ཏོག་ཕྲེང་རྒྱུད་ཀྱི་ཊཱིཀའི་སྟོད་ཐོབ། མི་གཡོ་བ་དཀར་པོའི་རྗེ་གནང་དང་གྲྭ་སྐོར་གྱི་སྟོན་མཐོང་དགྱེས་བཞིན་དུ་གནང་བ་དང༌། བསྟན་པའི་ཁུར་བསྐུར། ཤིན་ཏུ་དགྱེས་པར་མཛད་དེ། དབུས་སུ་ལོ་གཉིས་ཅུང་ལྷག་བསྡད་པའི་རིང་ལ་ཆོས་འབྲེལ་ཐོབ་པའི་བླ་མ་ནི། བསྟན་འཛིན་འགྲན་ཟླ་དང་བྲལ་བ་དེ་གསུམ་མོ། །དེ་རྗེས་གཙང་དུ་བྱང་གླིང་གི་འཆད་ཉན་གྱི་རིང་ལའང༌། ཆོས་རྗེ་བྱང་སེམས་ཆེན་པོའི་དྲུང་དུ། ས་སྡེ་ལྔའི་ལུང༌། བསླབ་བཏུས་སྒྲོན་གསལ། ཉེར་མཁོའི་རྒྱུད་མང་པོའི་ལུང༌། དུས་འཁོར་རྩ་འགྲེལ། སྦྱོར་དྲུག ལམ་འབྲས། བདེ་མཆོག་གི་འཁྲིད་ལ་སོགས་པ་དལ་ཁོམས་ནམ་བྱུང་གི་ཚེ་ཞུས་ཤིང༌། ཉམས་ལེན་གྱི་གནད་དང༌། ཞལ་ཤེས་ཁྱད་པར་ཅན་རྣམས་ཀྱང་མཚན་མོའི་ཆ་ལ་གཉིད་བཅག་ནས་ཐོབ། མེ་མོ་འབྲུག་གི་སྟོན་ཁ། ཞ་ལུར་ཕྱིན། མཁས་པའི་མཁས་པ་ཆེན་པོ་གྲུབ་པའི་དབང་ཕྱུག་རིན་ཆེན་བསོད་ནམས་འཕེལ་གྱི་ཞབས་ལ་གཏུགས་ཏཻ། དཔལ་དུས་ཀྱི་འཁོར་ལོའི་བཤད་པ་སོགས་ཞུས། སྟོན་ཁ་རྒྱུད་འགྲེལ་གྱི་བཤད་པ། རྒྱུ་