R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 28
[A:28]ནས་ཆོས་འཁོར་དུ་སྤྱན་དྲངས་ནས་ལྷག་མ་རྫོགས་པར་གནང་ཞིང༌། སྙན་ངག་དང་སྡེབ་སྦྱོར་མངོན་བརྗོད་སོགས་ཀྱང་ལེགས་པར་ཐོབ། ཐུགས་དམ་མཐིལ་དུ་འདུག་པ་དང༌། ཆོས་རྗེ་རྒྱལ་སྲས་ཐོགས་མེད་ཀྱི་བུ་ཆེན། ས་སྐྱ་པའི་བྱང་སེམས་ཛྙཱ་ན་ཤྲཱྀ་ལ་དངོས་སུ་གསན་འདུག་པས། བློ་སྦྱོང་ཚང་བ་གཅིག་ཀྱང་གནང༌། རྒྱ་དཔེ་སོགས་ཀྱི་གནང་སྦྱིན་དང་བཅས་ནས་རིག་གནས་འདིའི་གཉེར་ཁ་གཏད་པ་ཡིན་ནོ། །དེ་དུས་ཀྱི་ཆོས་མཚམས་གཅིག་དང༌། ཕྱིར་ཡོང་དུས། ཤབ་སྨད་བཀྲ་ཤིས་གླིང་དུ། འཁོན་གྱི་གདུང་བརྒྱུད་རིན་པོ་ཆེ་བདག་པོ་གྲགས་པ་བློ་གྲོས་པའི་དྲུང་དུ། ཆོས་སྐྱོང་ཆེ་ཆུང་གི་རྗེས་གནང༌། ལས་ཚོགས་ཀྱི་ལུང་དང་བཅས་པ་ཤིན་ཏུ་རྒྱས་པ་ཚང་ལ་རྫོགས་པ་ཐོབ་ཅིང༌། ཕྱིར་ཡོང་ཁའི་རྨི་ལམ་དུ། རྔ་བརྡུངས་དང་བཅས་པའི་བསྐུལ་ཚིག་མང་དུ་མཛད་ནས་རྫངས་པ་ཡང་རྨིས་སོ། །དེ་ནས་ལུག་ལོའི་དཔྱིད་སོས། ཆོས་རྗེ་སེམས་དཔའ་ཆེན་པོ་གཞན་དོན་ལ་གཤེགས། སྟོན་ཁ་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་ཉང་སྟོད་དུ་ཕེབས། ཆོས་བཀའ་དོན་དུ་གཉེར་ནས་ཕྱིན་པའི་ལམ་དུ་རྨིས་ལྟས་བཟང་པོ་སོགས་ཀྱི་མཚན་མ་ཁྱད་པར་ཅན་ཡང་བྱུང༌། ཐོག་མར་བདག་ཆེན་རབ་བརྟན་འཕགས་པ་དང་སྔར་ནས་ཞལ་འདྲིས་ཡོད་པས། མཇལ་དུ་ཕྱིན་པས་ཤིན་ཏུ་དགྱེས། ངེད་ཀྱི་བླ་མ་གྲགས་པ་དོན་དང་མཐུན་པ་གཅིག་གདན་འདྲཽངས་ཡོད། ཆོས་ཉན་ཁྱེད་ལས་ལྷག་པ་ནམ་ཡང་གཙང་པོ་བྱང་ནས་ཡོང་མཁན་མེད་པས། མཇལ་སྣ་བ་ངས་བྱེད། ཚ་བ་ཐོན་འཕྲལ་དུ་འགྲོ། ཆོས་སྡེ་ཆེན་མོ་ན། དགུན་ཆོས་ཚུགས་ནས་ཉི་མ་གཉིས་སོང་ཡོད། ཅེས་གསུང་ནས་དེ་ལྟར་མཛད། མཇལ་མ་ཐག་ནས་ལེགས་པར་དགྱེས་དགུན་ཆོས་ལ་སྔ་དྲོ་ཁྲོམས་ཆོས་སུ། སྤྱོད་འཇུག་དང༌། གཟིམ་ཁང་དུ་དེ་ཉིད་འདུས་པའི་དོན་བསྡུས་