R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 45
[A:45]དེ་ལ་འཚེ་བྱེད་དེས་མཚོན་པའི་བདུད་རིགས་ཐམས་ཅད། བསད་དང༌། བསྐྲད་དང༌༑ སོགས་ཀྱིས་དེ་དག་གི་གདུག་སེམས་དང༌། འབྱུང་ལུས་ཐལ་བར་བཅོམ་ནས༑ འོད་གསལ་གྱི་སེམས་དང་ཡེ་ཤེས་ཀྱི་ལུས་མངོན་དུ་གྱུར་པར་མོས་པ་རྣམས་བརྟག་པར་གང་ནུས་བྱས་པས་དེ་དང་དེའི་ནད་ཞི་བའང་མང་ཞིང༌། འཆི་ངེས་པའི་ནད་ལས། གྲོལ་བ་མང་དུ་བྱུང་ཞིང་ཤིན་ཏུ་མགུ་དཀའ་བ་དག་ཀྱང་དབང་དུ་གྱུར་པ་དང༌། མི་མ་ཡིན་ཤིན་ཏུ་མ་རུང་པ་ཁ་ཟུག་པ་དག་ཀྱང་རང་ཞིར་སོང་བ་རྣམས། མང་པོའི་བློ་ལ་གསལ་ལོ། ། གསུམ་པ་ལ། གནས་ལྔ་རིག་པའི་མཐར་སོན་པནྚི་ཏ། །གཞི་ལྔ་སྟོང་པར་རྟོགས་པའི་རྣལ་འབྱོར་པ། །ལམ་ལྔ་རིམ་གཉིས་བསྒྲུབ་མཛད་རྡོ་རྗེ་འཛིན། །སྐུ་ལྔ་འབྲས་བུ་མངོན་དུ་གྱུར་ལ་འདུད། །ཅེས་པ་ལ། རིག་གནས་ལྔ་ཤེས་ཚུལ་བཤད་ཟིན། གཞི་ལྔ་ནི། ཆོས་མངོན་པའི་བརྡ་ཆད་དེ། སྣང་བ་གཟུགས་ཀྱི། གཙོ་བོ་སེམས་ཀྱི། འཁོར་སེམས་བྱུང་གི གནས་སྐབས་ལྡན་མིན་འདུ་བྱེད་ཀྱི། རང་བཞིན་འདུས་མ་བྱས་ཀྱི་གཞི་རྣམས་ཏེ། འདི་ལྔར་མ་འདུས་པའི་ཤེས་བྱ་མེད་དོ། །ལམ་ལྔ་ནི། ཚོགས་ལམ། སྦྱོར་ལམ། མཐོང་ལམ། བསྒོམ་ལམ། མི་སློབ་ལམ་མོ། །སྐུ་ལྔ་ནི། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་མཚན་བརྗོད་ལས་གསུངས་པ་ཡེ་ཤེས་ལྔ་ལ་སྐུ་ལྔར་བཞག་པ་སྟེ། ཆོས་དབྱིངས། མེ་ལོང༌༑ མཉམ་ཉིད། སོར་རྟོག། བྱ་གྲུབ་ཡེ་ཤེས་རྣམས་ཏེ། མདོ་སྡེ་རྒྱན་ལ་སོགས་པ་མདོ་ཕྱོགས་སུ་སྔ་མ་བཏགས་པ་བ་དང༌། གཞན་བཞི་ཡེ་ཤེས་དངོས་སུ་གསུངས་ལ། སྔགས་ཕྱོགས་སུ་སྔ་མའང་ཡེ་ཤེས་དངོས་སུ་གསུངས་སོ། །སྤྱིར་དོན་སྨྲ་གཉིས། གཟུགས་སྐུ་དང་ཆོས་སྐུ་གཉིས་སུ་ངེས། བྱམས་ཆོས་སོགས་སུ།