R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 46
[A:46]ངོ་བོ་ཉིད་ལོངས་སྤྲུལ་སྟེ་གསུམ་དུ་ངེས་པ། གསང་སྔགས་ཕལ་ཆེར་དུ་རྟོགས་ཡེ་ཆོས་སྐུ་བསྣན་ནས། བཞིར་ངེས་པ། དུས་འཁོར་དང༌། མཚན་བརྗོད་དུ། བཞི་ལ་བཅུ་དྲུག་ཏུ་དབྱེ་བ་དང༌། སྐུ་ལྔར་གསུངས་པས། ཆོས་སྐད་བསྲེས་ནས་བྱེད་པ་རྣམས་མི་འཐད་པས། འདིར་གསུང་རབ་མཐོན་པོའི་དབང་དུ་བྱས་པ་སྟེ། སྤྱིར་སེམས་ཅན་ཐམས་ཅད་ཀྱང་སྐུ་ལྔ་མངོན་དུ་འགྱུར་རྒྱུ་ཡིན་པ་ལྟར། འདིར་ཡང་ངོ༌༑ ༑རིམ་གཉིས་ཀྱི་འཁོར་དུ། རྒྱུད་སྡེ་འོག་མའི། མཚན་བཅས་དང༌། མཚན་མེད་ཀྱི་རྣལ་འབྱོར་ཡང་བསྡུ་སྟེ། དེ་ཡང་ལམ་ཐུན་མོང་བ། དད་པ་དང་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ཀྱིས་བསླངས་པའི། དགེ་སྡིག་གི་བླང་དོར། ཚུལ་ཁྲིམས་རྣམ་དག་དང་བྱང་ཕྱོགས། ཕར་ཕྱིན་དྲུག རྒྱུད་སྡེའི་རྩ་བ་དམ་ཚིག་དང་སྡོམ་པ། ངོ་བོ་སྣང་ཕྱོགས་དང༌། སྟོང་ཕྱོགས་ཀྱི་ལྷའི་རྣལ་འབྱོར། མྱུར་དུ་མཐར་ཕྱིན་བྱེད། བདེ་སྟོང་སྦྱོར་བ་སོགས་ཀྱི་ཡོན་ཏན་ཡོངས་སུ་མ་རྫོགས་ཀྱང༌། ཆ་ལག་དང༌། ངོ་བོ་མ་ཚང་བ་མེད་ཅིང༌། གོ་རིམ་ངེས་པ་དང༌། བོགས་འབྱིན་དང༌༑ གེགས་སེལ་གྱི་ཡན་ལག་དང་བཅས་པ་ཤེས་ཤིང༌། ཅུང་ཟད་ཉམས་སུ་མྱོང་བས། ལམ་ཕྱོགས་རེ་བར་མ་ལུས། ལ་ལ་མཚན་ཉིད་རྐྱང་པ་དང༌། ཁ་ཅིག་སྒོམ་ཆེན་རྐྱང་པ་དང༌། དེ་བཞིན་དུ་མདོ་སྔགས་ཕྱོགས་རེ་བ་དང༌། གྲུབ་མཐའ་དང་ཆོས་ལུགས་སོགས་ཕྱོགས་རེ་བར་ལྷུང་ནས། བདག་བསྟོད། གཞན་སྨོད་ཀྱི་གང་ཟག་དང་ཆོས་སྤོང་བ་ལྟ་བུ་མིན་གྱི། པནྚི་ཏ་དང༌། རྣལ་འབྱོར་པ་དང༌། རྡོ་རྗེ་འཛིན་པ་ཞེས་པའི་མིང་ཀྱང་སྒྲོ་བཏགས་པ་རང་མིན་པར་དོན་ལ་གནས་པ་དང༌༑ དེ་བཞིན་དུ་འདུལ་བ་དང༌། མདོ་སྡེ་དང༌། མངོན་པ་དང༌། རྒྱུད་སྡེ་རྣམས་འཛིན་པ་ཞེས་པ་ཡང་སྟེ། མདོར། དག་སྣང་ཕྱོགས་མེད་ཀྱི་དད་པ་དང༌། ལེགས་བཤད་