R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 4
[A:4]རྒྱུད་ཀྱི་བར་དུ། ལན་གཅིག་མིན་པར་བསྔགས་པའི་ཕྱིར་ཏེ། རྒྱལ་བས་མདོ་སྡེ་ནས་གསུང་པའི་དོན༌། དཔལ་མགོན་ཀླུ་སྒྲུབ་ཀྱིས་བཤེས་སྤྲིང་དུ། གང་ལ་ཕ་དང་མ་དག་མཆོད་བྱེད་པའི། །རིགས་དེ་ཚངས་བཅས་སློབ་དཔོན་བཅས་པའང་ལགས༑ ༑དེ་དག་ལ་མཆོད་གྲགས་པར་འགྱུར་བ་དང༌། །སླད་མ་ལ་ཡང་མཐོ་རིས་འགྱུར་བ་ལགས་ཞེས་དང༌། རིན་ཆེན་འཕྲེང་བར། ཕ་མ་སྲིད་ཞུ་ལྷུར་ལེན་དང༌༑ ༑རིགས་ཀྱི་གཙོ་ལ་རིམ་གྲོ་དང༌། །ལོངས་སྤྱོད་ལེགས་སྤྱད་བཟོད་གཏོང་དང༌༑ ༑ཚིག་འཇམ་ཕྲ་མ་མེད་བདེན་པའི། །བརྟུལ་ཞུགས་ཚེ་གཅིག་བྱས་པ་དེས༑ ༑ལྷ་ཡི་དབང་པོ་ཉིད་ཐོབ་ནས། །ད་དུང་དུ་ཡང་ལྷ་དབང་བགྱིད། །ཞེས་དང༌༑ མཁས་མཆོག་དཔའ་བོས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་པའི་མན་ངག་པད་མ་སྤུངས་པ་ཞེས་བྱ་བར། ཕ་དང་མ་ལ་རབ་གུས་ཤིང༌། །རྒན་ལ་རིམ་གྲོ་བྱེད་པ་སོགས། །མི་ཡི་ཆོས་ལུགས་ལེགས་བསྲུང་བ། །འདི་ནི་ཡ་རབས་སྤྱོད་པ་ཡིན། །ཞེས་སོགས་མང་དུ་གསུངས་ཤིང༌། ཕ་མ་ལ་གནོད་པ་བྱས་པའི་འབྲས་བུ་འཕྲལ་དུ་འབྱུང་བ་མཛའ་བོའི་བུ་མོའི་རྟོགས་བརྗོད་སོགས་རྒྱ་ཆེར་འབྱུང་མོད། ཡི་གེ་མང་དུ་དོགས་པས་མི་སྤྲོའོ། །དེ་བཞིན་དུ་རྒྱུད་དུ་མ་ལས། མཆོད་པ་ཐམས་བཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམས། །ཞེས་གསུངས་པ་དང༌། དཔལ་མགོན་ཀླུ་སྒྲུབ་ཀྱིས། རིམ་ལྔར་རྒྱས་པར་གསུངས་ཤིང༌༑ ཆོས་རྗེ་པས། ལྷ་དང་འབྱུང་པོ་ལ་སོགས་ཀྱི། །མཆོད་པ་ཐམས་ཅད་རྣམ་སྤངས་ནས།། བླ་མ་མཆོད་པར་བྱའོ་ཞེས། །རབ་འབྱམས་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །ཞེས་དང༌། མགོན་པོ་གང་ལ་མཉེས་གྱུར་ན། ། གལ་ཏེ་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་དེ་དོར་ཏེ། །སྐྱེ་ཞིང་སྐྱེ་བ་ཐམས་