R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 119
[A:119]མཛད༑ དེ་ཡང་རྗེ་འདིའི་རྐྱེན་གྱིས་ཕལ་ཆེར་འཕྱི་མོ་རང་དུ་སྡོད་དགོས། མཚན་མོ་ཐུགས་སྐྱེས་གང་བྱུང་ཐམས་ཅད་ཉིན་བར་ཟིན་རིས་སུ་མཛད་པ་སོགས་ཤིན་དུ་འདྲུས་པས། དགུན་གྱི་མཚན་རིངས་ལ་ཡང་ཐོ་རངས་ཆ་ཟིན་གྱི་བར་དུ་གཟིམས་མལ་དུ་ཕེབས་རྒྱུ་མི་ཡོང༌། དེ་ཙ་ན་ཕྱིར་དུས་དང༌། ཁྱད་པར་གསང་ཕུ་ཡུལ་གྲང་པས་ཞབས་ལ་སོགས་པ་དྲོད་ཅུང་ཟད་ཀྱང་མེད་པར་འགྲོ་དེ་ནས་གཟིམས་མལ་དུ་དྲོད་རྙེད་དུ་རེ་བའི་བརྩོན་པ་ཙམ་མཛད་ནས་ཐུགས་བསམ་ལ་ཞུགས་པ་ན་རྣལ་དང་ཞབས་འཐིལ་གྱི་དྲོད་གཉིས་མེད་པ་ཁོ་ནས་དུས་འདའ་བར་བྱས་སོ་ཞེས་ཞལ་ལས་ཐོས་ཤིང༌། ཁྱེད་ཚོའི་སློབ་གཉེར་འདི་རང་སྐྱིད། ང་ལ་ཁྱེད་ཚོའི་ཤེས་རབ་འདི་ཙམ་ཡོད་ན། ང་ཡང་དེ་ལས་སྐྱིད་པ་གཅིག་དང་ལུས་པོ་འདི་ཚུད་ཟོད་ཚབས་འདི་ལས་ཆུང་བ་ཞིག་ཡོང༌། ཡང་ན་དབུས་གཙང་ན་འདྲན་ཟླ་མེད་པའི་དགེ་བཤེས་གཅིག་ཡོང་པར་ཡོད་དེ་ཞེས་ཡང་ཡང་གསུངས་སོ། །དེ་ལྟར་བརྩོན་པ་ཆེན་པོ་ལོ་ལྔ་དྲུག་ཙམ་མཛད་པས་ཕར་ཚད་གཉིས་ཀྱི་ཚིག་དོན་ལེགས་པར་ཐུགས་སུ་ཆུད། ཁྱད་པར། གསང་ཕུའི་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་ཛྙཱ་ན་ཤྲིའི་ཕར་ཚད་བསྡུས་གསུམ་ལེགས་པར་གསན་པས་མཁས་པའི་མདུན་སར་ལུང་རིགས་ཀྱི་གཏམ་ལ་མི་འཇིགས་པའི་སྤོབས་པ་ཐོབ་ཏེ༑ དཔལ་ལྡན་ས་སྐྱས་ཐོག་གྲངས་པའི་དབུས་གཙང་གི་མཁས་པའི་གྲྭ་ས་རྣམས་སུ་ཕར་ཚད་ཀྱི་གྲ་སྐོར་ལ་བྱོན་པར་བཞེད་པའི་གོང་ཞིག་ཏུ་གཙང་དུ་ཕེབས། དགུང་ལོ་ཉེར་ཅིག་གི་སྟེང་དུ་ཕེབས་པ་མ་མོ་སྦྲུལ་ལོ་དབྱར་ཟླ་འབྲིང་པོ་ཆུ་སྟོད་ཀྱི་ཟླ་བའི་ཡར་ངོའི་གྲལ་ཚེས་དྲུག་གི་ཉིན། མཁན་པོ་ཆོས་ལུང་པ་དགྲ་བཅོམ་གྲགས་པ་ཚུལ་ཁྲིམས་པ་དང༌། ལས་ཀྱི་སླཽབ་དཔོན་ཀུན་ཤེས་ཀོའུ་དི་ནའི་