R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 120
[A:120]དཔལ་ལ་འགྲན་བཟོད་པར། མཁན་ཆེན་གྲགས་པ་བཤེས་གཉེན་པ་དང༌། གསང་སྟེ་སྟོན་པའི་སློབ་དཔོན། འོད་བསྲུངས་ཆེན་པོ་དང་ཚུལ་མཚུངས་པའི་མཉམ་མེད་རྒྱལ་བ་བཟང་པོ་པ་དང༌། གྲིབ་ཚོད་པ། དབུ་མཛད་དགེ་བའི་བཤེས་གཉེན་བཀྲ་ཤིས་བསོད་ནམས། གྲོགས་དན་པ། དབུ་མཛད་མཁས་བཙུན་བསོད་ནམས་བྱང་ཆུབ། གཞན་ཡང་བསླབ་གསུམ་མིག་འབྲས་ལྟར་འཛིན་པའི་དགེ་འདུན་བཅུ་གཅིག་གི་དབུས་སུ་གླང་མདའ་མཛོ་བཟང་ཞེས་བྱ་བར། བདག་པོ་ཆེན་པོ་འཇམ་དབྱངས་ཆོས་རྒྱལ་བ་བསྙེན་པར་རྫོགས་པ་མཛད་པར་གཟིགས་པས་དངོས་ཀྱི་རྐྱེན་དང༌། སྤྱིར། དང་པོ་ཉིད་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ལ་ཡོངས་སུ་རྫོགས་པ་གཅིག་མ་བྱུང་བ། བསྙེན་པར་མ་རྫོགས་པ་རྣམས་ནི་ཇི་ལྟར་ཡོན་ཏན་ཆེ་ཡང༌། བྱིས་པ་མིག་མཆི་མས་གང་པ་དང་འདྲ་བར་བསྟན་པ་འཛིན་མི་ནུས་པར་གཟིགས་པ་རྣམས་ཐུགས་ལ་ལྕི་བར་ཡོད་པས་རྒྱུ་བྱས་ཏེ། བདག་ཆེན་དེ་དང་ལྷན་ཅིག།མཁན་སློབ་ཁྱད་པར་ཅན། སྤྱིར། པཎ་ཆེན་ཤྭཀྱ་ཤྲཱིའི་བསླབ་རྒྱུད། ཁྱད་པར། བུ་སྟོན་ཆོས་ཀྱི་རྒྱལ་པོ་དང༌། ཏྭིཤྲི་ཆེན་པོ་ཀུན་དགའ་བློ་གྲོས་དང༌། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་ལ་སོགས་པ་བསྟན་འཛིན་ཆེན་པོའི་ཆེན་པོ་རྣམས་ཀྱིས་སྡོམ་པ་ནོད་པའི་མཁན་བརྒྱུད། དགེ་བའི་བཤེས་གཉེན་དགྲ་བཅོམ་འདུས་པ་ལྟ་བུ་དེའི་དབུས་སུ། ཚེས་དེའི་ཕྱི་རོ། གྲིབ་ཚོད་རྐང་པ་གཅིག་པའི་དུས་སུ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་ཞུགས་ལ་བསྙེན་པར་རྫོགས་པའི་སྡོམ་པ་རྣམ་པར་དག་པ་བླངས་ཏེ། ཚངས་སྤྱོད་ཡོངས་སུ་རྫོགས་པའི་གནས་ལ་དབུགས་ཕྱིན་པ་ཐོབ་པས། འཛམ་གླིང་བྱང་ཕྱོགས་ཀྱི་ངུར་སྨྲིག་འཛིན་པའི་གཙུག་རྒྱན་དུ་གྱུར་ཏེ། སྙན་པའི་བ་དན་ཚངས་པའི་འཇིག་རྟེན་