R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 121
[A:121]གྱི་བར་དུ་གཡེང་བར་ངེས་སོ། །དེ་ལྟ་བུའི་སོ་ཐར་དང་བྱང་སེམས་དང་གསང་སྔགས་ཀྱི་ཚུལ་ཁྲིམས་ཐམས་ཅད་ཀྱང་རྒྱལ་བས་ཇི་ལྟར་གསུངས་པའི་བཅས་འཚམས་ལས་མ་འདས་པར་བསྐྱངས་ནས་གོ་འཕང་བླ་ན་མེད་པ་བརྙེས་པའི་ཚུལ་ནི། ཇི་ལྟར་ནོས་པའི་སྡོམ་གསུམ་མཐའ་དག་གི །མ་ལུས་བཅས་འཚམས་ཤེས་ནས་ཚུལ་བཞིན་དུ། །སྲོག་དང་བརྡོས་ཏེ་བསྲུངས་པས་གངས་ཅན་འདིར། ། ཚངས་སྤྱོད་འཛིན་པའི་མཆོག་ཏུ་གྱུར་ལ་འདུད། །ཅེས་པ་སྟེ། འདུལ་བའི་གཞུང་ལུགས་ནས་འབྱུང་བའི། སོ་སོ་ཐར་པའི་བཅས་འཚམས་དང༌། བྱང་ས་དང་བསླབ་བཏུས་སྤྱོད་འཇུག་ལ་སོགས་ནས་འབྱུང་བའི་བྱང་ཆུབ་སེམས་དཔའྀ་བཅས་འཚམས་དང༌། རྒྱུད་སྡེ་གོང་མ་གཉིས་ནས་འབྱུང་བའི་རིག་པ་འཛིན་པའི་བཅས་འཚམས་མཐའ་དག་ལ་ལེགས་པར་སྦྱངས་ཏེ། མི་ཤེས་པ་དང་མ་གུས་པ་ཉོན་མོངས་པ་མང་བ་དང་བག་མེད་པའི་དབང་གིས་ལྟུང་བ་འབྱུང་བའི་རྒྱུ་མ་ལུས་པར་སྤངས་ཤིང་ཉེས་པ་ཕྲ་མོ་འགའ་རེས་གོས་ནའང་དེ་མ་ཐག་ཏུ་ཕྱིར་འཆོས་པར་མཛད་དེ། ལན་ཅིག་སྐུ་ཁམས་སྙེལ་པོ་ཅིག་གི་དུས་སུ་སྐུ་འཚམས་དམ་པོ་མཛད་པའི་དྲུང་དུ། བདག་གིས་ཕྱིན་པ་ན། སྐུ་ཆོས། སྐུ་སྙེལ་ལ་སྐལ་བའི་ངང་ནས། འབྲས་ཚེད་ཇ་ཤུན་ཆུ་ངུ་ཙམ་ཞིག་བཞེས་པ་ཚར་འཕྲལ་དུ། སྐུ་ཆོས་མ་བཞེད་པར་དགོངས་ནས། རང་རེའི་ཁྱེར་ཁ་ལ་གསུང་ནས། བཞུགས་གདན་ལས་དམ་བུས་བཞེངས་ཏེ། བདག་གི་མདུན་དུ་ཕྱག་བཅོས་དེ་མ་ཐག་མཛད་པ་མངོན་སུམ་གྱིས་མཐོང༌། དེ་ལྟར་སྐུ་སྒྲེས་ཤིང་སྙུང་པའི་སྐབས་སུ་ཡང་བཅས་པ་ཕྲ་མོ་དེ་ཙམ་ལ་དེ་ལྟ་བུའི་གཅེས་སྤྲས་སུ་མཛད་ན། སྐབས་གཞན་དུ་ལྟ་ཅི་ཞིག་སྨཽས། གཞན་ཡང་སྐུ་འཚམས་ཤིན་དུ་དམ་པའི་སྐབས་སུ་ཡང༌། བཅས་