R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 122
[A:122]འགལ་ཕྲ་མོ་བྱུང་ན། བཤགས་ཡུལ་བོས་ནས་ཕྱིར་འཆོས་པ་དང༌། ཡུལ་བོས་ནས་གསོ་སྦྱོང་བྱིན་གྱིས་རློབ་པ་དང༌། འཕྲལ་གྱི་ཀུན་དུ་སྤྱཽད་པ་ཐམས་ཅད་ཀྱང༌༑ གཙང་བ་དང་དག་པ་དང་ཞི་བ་དང་དུལ་བ་དང༌། ཆོས་གོས་ཀྱི་གྲ་ས་ལ་རེག་པ་ཙམ་ཡང་ཤིན་དུ་འཛེམ་པར་མཛད་ཅིང༌། བཞུགས་སུ་གདན་ལ་བཞུགས་པ་ན་ཡང༌། གསེར་སྐུ་ཁྱད་པར་ཅན་ལ། དཀོན་གཉེར་ཤིན་དུ་མཁས་ཤིང་མཛངས་པ་དག་གིས་ནམ་བཟའ་མང་པོ་ཁྱེར་སྒྲིགས་ནས་སྒྲོན་པ་ལྟ་བུ་འདྲ་བ། ཀུན་གྱིས་ཀུན་སྤྱོད་དག་པའི་མཆོག་ཏུ་རྩེ་གཅིག་ཏུ་འཛིན་ཅིང་འགྲིན་གཅིག་ཏུ་གླེང་ངོ༌། །དེ་ལྟར་ཚུལ་ཁྲིམས་རྣམ་པར་དག་པའི་མཚན་མ། སྐྱེ་བོ་དམན་པ་དག་གིས་ཀྱང་རྟོགས་སུ་རུང་བ་ནི། ཟག་མེད་ཚུལ་ཁྲིམས་ཕུང་པོ་ཡོངས་རྫོགས་པར།། ཐག་མལ་པས་ཀྱང་ལེགས་པར་རྟོགས་བྱའི་ཕྱིར། །རྣམ་དག་ཚུལ་ཁྲིམས་དྲི་ཡིས་འགྲོ་རྣམས་ཀྱི། །དབང་པོ་ཚིམ་པར་མཛད་པ་དེ་ལ་འདུད། །ཅེས་པ་སྟེ། ནང་དུ་ཡང་དག་པའི་ཚུལ་ཁྲིམས་དྲི་མ་མེད་པའི་རྟོགས་པ་འཁྲུངས་པ་ནི་སྤྱིར་མཉམ་བཞག་གི་ཉམས་བཟང་ངན་རྗེས་ཐོབ་ཀྱི་ཤེས་ཞེས་གླེང་པ་ལྟར་ཤིན་དུ་གསལ་ཏེ༑ སྐུའི་མདངས་ནི། དགུང་ལོ་དོན་ལྔ་བཞེས་ནས། དབུ་སྐྲ་དཀར་བ་ཙམ་མ་རྟོགས༑ བྱིས་པ་གཞོན་ནུ་ལྟར་དང་ཞིང་གསལ་ལ་གཞོན་ཤ་ལྷག་པར་རྒྱས་པས་དཀར་ལ་དམར་བའི་མདངས་ཆགས་པ་དང་སྐུའི་ཚུགས་ཀྱང་ཡ་ཡོ་དང་འཁྱོག་པ་ལ་སོགས་ཅུང་ཟད་མེད་པས། དབུ་ཞ་བཞེས་ཕྱིན་ཆད། བན་གཞོན་ཤིན་དུ་མཚར་བའི་རྣམ་པ་ཅན་ཁོ་ནར་གནས་ལ། ཚུལ་ཁྲིམས་ཀྱི་དྲི་ངད་ནི། རྫི་ཕྱོགས་སུ་མདའ་རྒྱང་ཙམ་གྱི་བར་དུ་གསལ་ཞིང༌། རྫི་ཕྱོགས་མ་ཡིན་པར་ཡང་གཞུང་འདོམ་གཉིས་རེ་ཙམ་དུ་ལྷག་པར་འབྱུང༌། ནམ་བཟའ་ཅི་འདྲར་ཞིག་ཡིན་ཡང༌།