R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 140
[A:140]མ་ལ་བབས་ཏེ། ཚོགས་ནས་བློ་བུར་དུ་བཞུགས་གདན་ཁྲི་ཁར་འདེགས་པའི་སླུས་ཐབས་མཛད་དོ། །ཆོས་ཀྱི་སེང་གེའི་ཁྲི་ལ་བཞུགས་སུ་གསོལ་ནས། ལོ་ཆེན་ཆོས་ཀྱི་རྒྱལ་པོའི་ཆོས་ཀྱི་རྒྱལ་སྲིད་ཐམས་ཅད། རྒྱལ་བ་དེའི་སྲས་ཀྱི་ཐུ་བོ་དམ་པ༑ རྗེ་འདི་ཉིད་ཀྱིའང་སློབ་མར་གྱུར་པའི་རྒྱལ་སྲས་སེམས་དཔའ་ཆེན་པོ་ལ་གཏད་ནས། གཟིམས་ཁང་དུ་སྐུ་འཚམས་བུག་སྒོ་ཤིན་དུ་དམ་པར་མཛད་དེ། ནང་དུ་ཡང་དག་འཇོག་ལ་ལྷག་པར་བཞུགས་ཤིང༌། དེའི་ངང་ནས་གནས་བརྟན་ལྷ་ཁང་དང་མགོན་ཁང་གི་བཞུག་ཚགས་ལ་སོགས་པ་རྣམས་དང༌། དགེ་བའི་བཤེས་གཉེན་རྣམས་ལ་བཀུར་སྟི་གནང་སྦྱིན། དགེ་འདུན་མཐའ་དག་ལ་ཆོས་དང་ཟང་ཟིང་གི་སྐྱོང་དར་མཐའ་ཡས་པ་མཛད་དོ། །དེ་ལྟར། རྨད་བྱུང་མཛད་པ་ཀུན་གྱིས་ཡིད་ཕྲོགས་ནས། །གངས་རིའི་ཁྲཽད་ཀྱི་མཁས་པའི་མཁས་པ་དང༌།། ཆེན་པོའི་ཆེན་པོ་ཀུན་གྱིས་གང་གི་ཞབས།། གུས་པས་སྤྱི་བོར་བླངས་པ་དེ་ལ་འདུད༑ ༑ཅེས་པ་ནི། མཁས་པའི་མཁས་པ་ཆེན་པོ་ཀུན་མཁྱེན་ཆེན་པོས་ཀྱང༌། དཀའ་གདམས་གླེགས་བམ་གྱི་ལུང་གསན་ནོ་ཞེས་ཁུངས་མར་བྱས་པ་གཅིག་ལ་ཐོས་ཤིང༌། ཐམས་ཅད་མཁྱེན་པ་རོང་ཆེན་དང༌། །བྱང་ཆུབ་སེམས་དཔའ་གཞོན་ནུ་རྒྱལ་མཆོག་པ་དང༌། སེམས་དཔའ་ཆེན་པོ་བསོད་ནམས་ཤེས་རབ་དང༌། གནརསྣར་ཐང་པ་མཁན་ཆེན་གྲུབ་པ་ཤེས་རབ་པ་ལ་སོགས་པས་ཀྱང་གུས་པས་ཆོས་གསན། ཆེན་པོའི་ཆེན་པོ། བདག་པོ་ནམ་མཁའ་ལེགས་པའི་བློ་གྲོས་རྒྱ་མཚན་དཔལ་བཟང་པོ་བ་དཔོན་སླཽབ་རྣམས་དང༌། རྟའི་སི་ཏུ་བསོད་ནམས་དཔལ་བ་དང༌། རིན་སྤུངས་ནམ་མཁའ་རྒྱལ་པོ་བ་ཡབ་སྲས་ལ་སོགས་པ་རྣམས་ཀྱིས་ཀྱང༌། རང་གི་ཕྱོགས་སུ་གཏོགས་པས་སྙོམས་པའམ། བླ་མ་དེའི་