R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 110
[A:110]རུས་ཕུན་སུམ་ཚོགས་པ། མཁོན་[-] འཁོན་གྱི་གདུང་རྒྱུད་ཀྱི་དྲུང་སྐོར་དྲག་གཏོགས་སུ་སླེབས་པ། དཔོན་ལྔ་དར་ཞེས་བྱ་བ་དང༌། ཡུམ། ཆོས་རྗེ་ལོ་ཆེན་གྱི་ལྕམ་མོ་དཔོན་མོ་པད་མ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་བསམས་བཞིན་དུ་སྐྱེ་བ་གཟུངབཟུང་སྟེ། བདག་ཅག་རྣམས་ཀྱི་དཔལ་མགོན་དུ་གྱུར་ཏོ། །ཡབ་ཡུམ་དེ་དག་ཀྱང༌། རང་བཞིན་བཟང་བ་དང་གཡོ་དང་སྒྱུ་མེད་པ་དང་དགེ་བ་ལ་སྤྲོ་བ་དང༌། བྱམས་པ་དང་སྙིང་རྗེ་ཆེ་བ་དང༌། དཀོན་མཆོག་གསུམ་ལ་ལྷག་པར་དད་པ་ལ་སོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་དང་ལྡན་པས་ཁྱྀམ་ན་གནས་པ་རྣམས་ཀྱི་ནང་ན་ཡང་ཁ་ན་མ་ཐོ་བ་མེད་ཅིང༌། ཀུན་གྱིས་བསྟོད་པ་དང་བཀུར་བ་གནས་སུ་བྱེད་པ་ཞིག་གོ ༑ལྷག་པར། གཞོན་ནུ་བྱང་ཆུབ་སེམས་དཔའ་དེ་ཉིད། མངའ་དུ་ཞུགས་པ་ཙམ་ནས་དགེ་བ་ངང་གིས་འཕེལ་བ་དང༌། སྡིག་པ་རྣམས་ཤུགས་ཀྱིས་འགྲིབ་པ་དང༌། དཔལ་དང་འབྱོར་བ་དང་ཕུན་སུམ་ཚོགས་པའི་བྱེ་བྲག་གང་ཅི་ཡང་རུང་པ་རྣམས་ནི་གོང་ནས་གོང་དུ་འཕེལ། ཉེས་པ་དང་སྐྱོན་དང་གནོད་པ་ཐམས་ཅད་ནི་བསྐྲད་པ་བཞིན་དུ་གྱུར་ཏེ། མངའ་གྱི་གནས་སྐབས་སུ་ཡང་འབྲེལ་བ་རྣམས་ལ་བགྱི་བར་བྱ་བ་རྣམས་ལེགས་པར་མཛད་དོ། །དེ་ནས། བསྟན་རྩིས་ཆེན་མོར་གྲགས་པ་ལྟར་ན། རྒྱལ་བ་མྱ་ངན་ལས་འདས་ནས་ལོ་གསུམ་སྟོང་དང་བཞི་བརྒྱ་དགུ་བཅུ་འདས་ཤིང༌། དུས་འཁོར་ལྟར་ན་ཉིས་སྟོང་དང་ཉིས་བརྒྱ་ཞེ་གསུམ་འདས་པ། མེ་མོ་བྱའི་ལོ་ལ་སྐུ་བལྟམས་ཏེ། ཤར་ཙོང་ཁ་བ་ཆེན་པོ་དང་རྒུང་ཟླ་ཅིག་པ་ཡིན་ནོ། །དེ་ལྟ་མོད་ཀྱི། འབྲོམ་སྟོན་པའི་སྐུ་སྐྱེ་ཡིན་ནོ་ཞེས་བྱ་བ་འདི་ལ་ཡང་དག་པའི་གཏན་ཚིགས་དང་སྒྲུབ་བྱེད་དག་མེད་ན་ནི་གཅམ་བུ་ཙམ་དུ་ཟད་ལ། ཡོད་ན་ནི་བརྗོད་པ་སྐབས་སུ་བབ་པོ་ཞེ་ན། ཤིན་