R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 111
[A:111]དུའང་ཡོད་དེ། ཁོ་བོས། ཆོས་རྗེ་ལོ་ཆེན་གྱི་རྣམ་ཐར་དུ་བརྗོད་ཟིན་མོད་ཀྱི། འདིར་ཡང་བཤད་པར་བྱ་སྟེ། འདི་ལྟར། སེམས་པ་ཆེན་པོ་འདིས། དང་པོར་བསམ་གྲུབ་ཆོས་སྡིངས་པའི་བླ་མ་དཔལ་འབྱོར་བ་ཞེས་བྱ་བ་གང་ཟག་ཁྱད་པར་ཅན་བྱང་ཆུབ་སེམས་དཔའ་སྔོན་དང་ཕྱི་མའི་མཐའ་མང་རབ་ལུང་སྟོན་པ་གཅིག་ཡོད་པའི་དྲུང་དུ། བཀའ་གདམས་གླེགས་བམ་གྱི་ལུང་བསྟན་པ་ན། དགྱེས་བཞིན་དུ་གནང་ནས་རྫོགས་པ་ན། ཆོས་འདི་ཁྱོད་རང་གི་ཆོས་སུ་འདུག་པས། ཆོས་བདག་པོའི་ཕྱག་དུ་འཕྲོད་དོ་ཞེས་གསུངས་ཤིང༌། ཁྱད་པར། དབུས་གཙང་གི ཆོས་རྗེ་རྣམ་གསུམ༑ གནམ་རྩེ་ལྡེང་དུ་ཆོས་འཁོར་མཛད་རྗེས། རྗེ་བཙུན་ཆེན་པོས་གཙང་ལ་བྱོན༑ ཆོས་རྗེ་གཞན་གཉིས་བྱང་ར་སྒྲེང་དུ་བྱོན་པ་ལ། ར་སྒྲེང་པ་རྣམས་ཀྱིས། ཆོས་རྗེ་ལོ་ཆེན་གྱི་དྲུང་དུ༑ བཀའ་གདམས་གླེགགས་བམ་གྱི་ལུང་ཞུས་པས། ངེད་ལ་དེའི་ལུང་མེད། དེའི་ལུང་ཡོད་པ་གཅིག་གཙང་ནས་ཡོང་རྒྱུ་ཡོད་པ་ཡིན་ཏེ་གསུང༌། དེ་ནས། རྗེ་འདིས། ཆོས་རྗེ་ལོ་ཆེན་ཡར་གདན་འདྲེན་ལ་བྱོན་པ་ན། དེ་ཁྱེད་རྣམས་འདོད་པ་དེ་བྱུང་ངོ་གསུང་ནས། དེར་ལུང་ཞུས་པས། གླེགས་བམ་དཔེ་ཁང་ན་བཞུགས་པ་ཚོལ་ཤོག་གསུང༌། ཁོང་རྣམས་ཀྱིས་རྩལ་བས་མ་རྙེད་པར། ཉིད་ཀྱིས་དཔེ་ཁང་དུ་བྱོན་པས་དཔེའི་ཆའི་ཕྱི་ནས་མཁྱེན་ཏེ། ཡ་གི་ཡིན་ཚོད་དུ་འདུག་ཐེན་དང་གསུང་ནས་སྟོན་པས་མ་འཁྲུལ་བར་བྱུང་བས་ཀུན་ངོ་མཚར། དེ་དུས། ར་སྒྲེང་གི་གཙུག་ལག་ཁང་ལ་མེའི་གནོད་པ་ཆེན་པོ་ཡང་བྱུང་ཟིན། དགོན་པ་གོང་འོག་ཀྱང་ཤིན་ཏུ་མི་མཐུན་པར་གྱུར་ཏེ། འཐབ་རྩོད་དང་མི་མཛེས་པ་ཤིན་དུ་མང་བ་བྱས་ཤིང་བྱེད་བཞིན་པའི་སྐབས་ཡིན་པ་ལ། བླ་མ་འདིའི་འཕྲིན་ལས་དང་ཐུགས་རྗེ་ཆེན་པོས་དགྲ་གཤེད་དུ་གྱུར་