R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 54a
[A:54a]ལུགས་དང་། རྭ་ལུགས་དང་། ཙ་མི་ལུགས་དང་། ཤཱཀྱ་ཤྲཱི་ལུགས་དང་། ཆགས་ལུགས་དང་། ཤ་ཝ་ར་དབང་ཕྱུག་གི་མན་ངག་ལུགས་ཁྱད་པར་དུ་བཤད་པའོ༎ ༡༽གྱི་ཇོ་ལུགས། དང་པོ་ནི།
གྱི་ཇོ་ལོ་ཙཱ་བ་ཟླ་བ་འོད་ཟེར་གྱིས་ལོ་ཆུང་རྣམས་ལ་དབང་བཤད་མན་ངག་ལེགས་པར་གནང་བ་ལས། ཕྲོ་མ་ལོ་ཙཱ་བ་པདྨ་འོད་ཟེར་གྱིས། གྱི་ཇོའི་གསུང་ཇི་ལྟ་བའི་སྦྱོར་དྲུག་གི་ཡི་གེ་མཛད་དེ། མུག་སྟོན་བཻ་ཌཱུརྱ་ལ་
གནང་། དེ་ནས་ལྷོ་བ་ཆོས་ལྡན། དོལ་པོ་ཡེ་ཤེས་མགོན་པོ། ཀུན་སྤངས་ཆེན་པོ། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། རྗེ་བཙུན་དཔལ་ཆེན་པོ། ཆོས་རྗེ་རིན་པོ་ཆེ་ཡེ་ཤེས་དཔལ་བཟང་པོ་ཡབ་
སྲས་ལས་བདག་གིས་ཐོབ་པོ། སྙིང་པོ་རྒྱུན་གྱི་བརྒྱུད་པའང་འདི་ཉིད་དོ༎ ༎ ༢༽འབྲོ་ལུགས། ༡ འབྲོ་ལོ་ཙཱ་བ་དགེ་སློང་ཤེས་རབ་གྲགས། གཉིས་པ་འབྲོ་ལུགས་ནི། ཁ་ཆེ་ཟླ་མགོན་བོད་དུ་ཐོག་མར་ཕེབས་དུས། སྐྱི་ཤོད་སྨད་དུ་ཁ་རང་གི་
གཉོས་ལོ་ཙཱ་བ་ལ་བབས་ཏེ། དྲི་མེད་འོད་བསྒྱུར་བ། གསེར་སྲང་བརྒྱ་འབུལ་བར་ཆད་པ་ལ། ཕྱེད་ཙམ་བསྒྱུར་བ་དང་། གསེར་སྲང་ལྔ་བཅུ་བསླང་གསུངས་པ་ལ་མ་ཕུལ་བས་མ་མཉེས་ཏེ། འགྱུར་བྱེད་འཕྲོའི་དཔེ་
བསྣམས་ནས་འཕན་ཡུལ་གྲབ་ཏུ་བྱོན། མཛེ་བྱུང་བ་མང་པོ་བསོས། དེར་འབྲོ་ལོ་ཙཱ་བ་དགེ་སློང་ཤེས་རབ་གྲགས་ཀྱིས། གསེར་སྲང་བརྒྱ་གོས་དར་གླ་རྩིའི་ལྔ་ཚེ་མང་དུ་ཕུལ་ནས་ནན་གྱིས་ཞུས་པས། དབང་བསྐུར་