R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 54b
[A:54b]ཞིང་རྒྱུད་འགྲེལ་ཚར་གཅིག་གསུངས། སོར་བསམ་གྱི་ཁྲིད་གནང་། དེ་ནས་ཞང་ལྦ་ཆུང་བས་གདན་དྲངས་གསེར་སྲང་བརྒྱས་མགོ་བྱས་འབུལ་བ་མང་དུ་བྱས་ནས་རྒྱུད་འགྲེལ་བསྒྱུར་བར་ཞུས་པས། འབྲོས་ལོ་
ཙཱ་བ་བྱས་ཏེ། མཆོག་མི་འགྱུར་གྱི་ལེའུ་མ་གཏོགས་རྒྱུད་འགྲེལ་རྫོགས་པར་བསྒྱུར། ཞང་ལ་དབང་བསྐུར་རྒྱུད་འགྲེལ་ཚར་གཅིག་དང་སོར་བསམ་གྱི་ཁྲིད་གནང་། མཆོག་མི་འགྱུར་ནི་བསྒྱུར་དུ་མ་བཞེད་
དོ༎ གཉོས་ཀྱི་ཞང་ལ་ཁྱོད་ཀྱིས་ངའི་བླ་མ་ཕྲོགས་པ་ཡིན་པས། ལྷག་པར་དུ་ཡུལ་དཀར་གཙང་ངེ་བ་ཅིག་བྱ་ཡི་ཟེར་བ་ལ། ཁོ་བོ་ནི་ཁྲོ་བོ་བརྒྱ་ཡིས་བསྡིགས་ཀྱང་མི་འཇིགས། ལྷ་མོ་བརྒྱ་ཡིས་འཛུམ་
བསྟན་ཀྱང་མི་སཆགས་ཞེས་སྤྲིངས་ཏེ་བླ་མའི་ཞབས་ཏོག་མཛད་དོ༎ དེ་ནས་ཡར་རྒྱབ་བཟང་ཡུལ་གྱི་ལྕེ་དོལ་སྒང་ཟླ་བ་གྲགས་པ་ཡབ་སྲས་ཀྱིས་གསེར་སྲང་གསུམ་དང་བེར་གཅིག་གིས་སྣ་དྲངས་པའི་ན་བཟའ་
ཆ་ཚང་ཕུལ་ནས་མཇལ་ཏེ། བཟང་ཡུལ་དུ་གདན་དྲངས་ལོ་གཅིག་ཏུ་བསྙེན་བཀུར་ནས། ལོ་ཙཱ་བ་འ་ཞ་རྒྱ་གར་བརྩེགས་ཀྱིས་བྱས་ཏེ་རྒྱུད་འགྲེལ་འ་ཞ་འགྱུར་ཚར་གཅིག་སོར་བསམ་གྱི་ཁྲིད་དང་བཅས་པ་
ཞུས། ཡོན་ཏུ་གསེར་སྲང་སུམ་ཅུས་མགོ་བྱས་སྲང་དྲུག་ཅུ་ཕུལ། དེ་ནས་གཡོར་པོ་བྱང་ཐང་གི་འགར་སྟོན་གྱིས་གདན་དྲངས། འདིས་བྲིན་ནས་བླ་མའི་ཆེད་དུ་དཔེ་ཆ་བླངས་པས་ཁ་བས་སོར་མོ་བྲུལ། དེ་