R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 55b
[A:55b]དུ་བྱོན། འབྲོ་ལོས་སྔར་གྱི་འགྱུར་དེ་དག་པར་བཅོས། སྒོམ་པ་དཀོན་མཆོག་སྲུངས་ཀྱིས་ལུས་ཕུལ་ནས་ཞབས་ཏོག་གོ་རེ་ལོང་མཛད་པ་ལ་དབང་གཞུང་གདམས་ངག་རྫོགས་པར་གནང་། དེའི་ཚེ་སྒོམ་པས་
མཆོག་མི་འགྱུར་གྱི་ལེའུ་ཞུས་པས། འདི་ཤིན་ཏུ་ཟབ་པས་གཞན་གྱི་བློར་མི་ཤོང་གསུངས་ནས་མ་གནང་། ནན་གྱིས་ཞུས་པས། འོ་ན་འདི་ལ་ལོ་ཙཱ་བ་མི་དགོས་གསུང་ནས་རང་འགྱུར་མཛད་པས་འགྱུར་ཤིན་
ཏུ་བཟང་བ་ཅིག་བྱུང་སྟེ་དགྱེས་བཞིན་དུ་ལེགས་པར་གནང་། སྒྲོ་སྟོན་ལ་ཡང་སོར་བསམ་གྱི་ཁྲིད་གནང་། སློབ་མའི་ཚོགས་ཆེན་པོ་ལ་གསང་འདུས་སྒྲོན་གསལ་དང་། དབུ་མ་རྩ་ཤེ་གསུངས། ལར་འབུལ་
ནོད་སྟོབས་ཆེ་བར་བྱུང་ཡང་སྦྱོར་དྲུག་ལ་བཀའ་དམ་པས་ཀུན་ལ་མ་གནང་སྟེ། ཆོས་ཚོང་པ་ལས་ནོར་ཚོང་པ་དགའ་ཞེས་གསུངས་ཤིང་། སྦས་པའི་རྣལ་འབྱོར་གྱི་ཚུལ་གྱིས་ཚོང་འདྲ་མཛད་ཅིང་ཀོང་པོའི་བར་
ཞབས་ཀྱིས་བཅགས། ཡང་རྒྱ་གར་དུ་བྱོན་ནས་ཕྱི་ཞིག་ན་བོད་དུ་ཕེབས་ཏེ། སྒར་ཆུང་སོགས་སུ་བཞུགས། སྒྲོ་སྟོན་ལ་ཆོས་གནང་སྟེ་སྒྲོ་འདོགས་བཅད། ཡུ་མོས་ཀྱང་ཆོས་འབྲེལ་ཐོབ། བོད་དུ་
སྦྱོར་དྲུག་གི་གདམས་ངག་རྫོགས་པར་གནང་བ་གཉིས་ཁོ་ན་སྟེ། དེ་ཡང་གཅིག་ནི་བླ་མ་གྲབ་སྒོམ་ཡིན་ལ། གཅིག་ནི་མང་ཡུལ་གྱི་བཙུན་པ་ཅིག་གིས་ཞབས་ཏོག་ཡུན་རིང་དུ་བྱས་པ་ལ་མན་ངག་རྫོགས་