R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 60b
[A:60b]དགུང་ལོ་ལྔ་བཅུ་པ་ལ་འུ་ཡུག་ཏུ་བྱོན་ནས་ནུབ་མའི་མདའ་རྒྱལ་ཁབ་ཞེས་པར་གཞི་ཕབ་སྟེ། ཕུར་དབེན་གནས་ཀྱང་མཛད། གག་ཚངས་ཀྱི་ཕུའི་བྲག་ཏུའང་ཐུགས་དམ་ཡུན་རིང་དུ་མཛད་པས་གྲུབ་པ་ཐོབ་སྟེ།
དབང་རྒྱུད་བཤད་མན་ངག་མང་དུ་གསུངས། གསལ་སྒྲོན་བཞི་དང་གཅེས་བསྡུས་ལ་སོགས་པའི་གདམས་པའི་བསྟན་བཅོས་ཀྱང་མང་དུ་མཛད་ནས་དགུང་ལོ་བརྒྱད་བཅུའི་བར་དུ་བཞུགས་ཏེ། བསྟན་པ་ལ་
བྱ་བ་རྒྱ་ཆེར་མཛད་པ་ཡིན་ནོ༎ སློབ་མ་ཡང་སྲས་མཆོག་དྷརྨེ་ཤྭཱ་ར། ཝ་བྲག་དཀར་བ། གཉལ་པ་གྲོ། གཉོས་ཀྱི་ཁུང་བ། གྲུབ་ཐོབ་དྷརྨ་བོ་དྷི། མཁས་པ་ཏྲེ་བོ་མགོན་པོ། སེ་ཆོས་ཀྱི་མངའ་བདག་
ལ་སོགས་པ་མང་དུ་བྱོན་ཏེ། ཝ་བྲག་དཀར་བ་དང་། གཉལ་པ་གྲོ་ཆེན་པོ་གཉིས་ཀྱིས་བཀའ་གདམས་ལ་འདག་འབྱར་ཡུན་རིང་དུ་བྱས་པས། རྟོགས་པའི་ཁྱད་པར་ཅི་ཡང་མ་བྱུང་བ་ལས། ཕྱིས་
བླ་མ་ཡུ་མོའི་དྲུང་དུ་འོངས་ནས་གདམས་ངག་བསྒོམས་པའི་ཞག་དང་པོ་ལ་རྟགས་རྣམས་རྫོགས་ཏེ། ལམ་གྱི་མཆོག་ཏུ་ངེས་པ་རྙེད། བསྒོམས་པས་མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་ནོ༎
བླ་མ་ཡུ་མོས་སྐྱ་ཀའི་གཟུགས་སུ་བསྒྱུར་ཏེ། ཝ་བྲག་དཀར་བ་བྲག་ཐོག་ཅིག་ན་ཉིན་མོའི་རྣལ་འབྱོར་སྒོམ་པའི་སར་བྱོན་ནས། ཁྱི་ལུད་ཀྱི་ཕུང་བོ་ལ་མཆུ་བདར་ཏེ་སྐད་ཕྱུང་བ་དང་། དེས་ངོ་ཤེས་ཏེ་