R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 6b
[A:6b]དུ་མཛད་པའི་སེམས་ཆེན་པོ་སྟེ་ཆེན་པོ་གསུམ་དང་ལྡན་ཞིང་། སེམས་ཅན་གང་ལ་ཡང་ཉེ་རིང་མེད་པའི་ཁྱབ་པ་དང་། སེམས་ཅན་གྱི་ཁམས་མི་ཟད་པ་རྗེས་སུ་འཛིན་པའི་དོན་དུ་གཏན་དུ་བར་བཞུགས་པའི་
རྟག་པ་སྟེ་ཆོས་གཉིས་དང་ཡང་ལྡན་ནོ༎ དེ་ལྟ་བུའི་ངང་རྒྱུན་གཅིག་ལས་མི་འདའ་བས་ཕྱག་རྒྱ་ཡིན་ལ། དེ་ཡང་ཆེན་པོ་གསུམ་དང་ལྡན་པས་ཆེན་པོ་སྟེ། འབྲས་བུའི་རྒྱུད་ཕྱག་རྒྱ་ཆེན་པོ་ཞེས་པའོ༎ དེ་
ལྟར་སངས་རྒྱས་རྣམས་ལ་དངོས་སུ་སྣང་བའི་སྐུ་དེ་ཉིད་གདུལ་བྱ་ལ་གཟུགས་བརྙན་གྱི་ཚུལ་དུ་སྣང་བས་ཆོས་ཀྱི་སྐུ་དང་། གཟུགས་ཀྱི་སྐུ་གཉིས་སུ་འགྱུར་ལ། གདུལ་བྱ་གཞན་སྣང་ལས་མཚན་དཔེ་ནས་
རི་གླིང་ལ་སོགས་པའི་བར་སྣང་བའི་གཟུགས་བརྙན་ལ་ནི་སྐུ་དང་། གསུང་རབ་ཡན་ལག་བཅུ་གཉིས་སུ་སྣང་བའི་སྒྲ་བརྙན་ལ་ནི་གསུང་དང་། ཟུང་འཇུག་གི་སྐུ་ནི་ཐུགས་ཏེ། དེ་ལྟར་སྐུ་གསུང་ཐུགས་ཀྱི་དབྱེ་
བས་སྐུ་གསུམ་མམ། ཟུང་འཇུག་གི་ཡེ་ཤེས་ཆོས་ཀྱི་སྐུ་དང་། ཁམས་གསུམ་ལས་འདས་པའི་འོག་མིག་སྟུག་པོ་བཀོད་པར་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་མཚན་དཔེའི་རྣམ་པར་སྣང་བའི་གཟུགས་
བརྙན་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་། སོ་སོའི་སྐྱེ་བོ་རྣམས་ལ་སྣང་བའི་གཟུགས་བརྙན་ཅི་རིགས་པ་ནི་སྤྲུལ་བའི་སྐུ་སྟེ་དེ་ལྟར་ཡང་སྐུ་གསུམ་མོ༎ འདིར་གཙོ་བོར་རྣམ་པར་བཞག་པ་ནི་སྐུ་བཞི་སྟེ། དོན་