R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 6a
[A:6a]བྱ་ཐམས་ཅད་ཀྱི་རྣམ་པར་ཤར་བའི་སྒྱུ་མའི་སྐུ་ཀུན་རྫོབ་པའི་བདེན་པ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཡུལ་སྟོང་བ་ཉིད་རོ་མཉམ་པར་གཅིག་ཏུ་གྱུར་ནས་དབྱེར་མི་ཕྱེད་
པ་ཉིད་དེ། དེ་ལ་ནི་མཆོག་གི་དང་པོའི་སངས་རྒྱས་དང་། རིས་མེད་པ། དུས་ཀྱི་འཁོར་ལོ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ། གསང་བ་འདུས་པ། ཀྱཻ་རྡོ་རྗེ། དཔལ་ཧེ་རུ་ཀ ལྷན་ཅིག་སྐྱེས་པའི་སྐུ་
མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་ཞེས་པའོ༎ དེ་ནི་སླན་ཆད་བག་ཆགས་ཀྱི་རྟེན་མི་བྱེད་པས་གཙང་བ་དང་། བདག་དང་བདག་མེད་པའི་སྤྲོས་པ་ཉེ་བར་ཞི་བས་དམ་པའི་བདག་དང་། ཡིད་ཀྱི་རང་བཞིན་གྱི་
ལུས་སྤངས་ཤིང་མ་རིག་པ་བག་ཆགས་ཀྱིས་ལོག་པས་ཤེས་བྱ་ཐམས་ཅད་གཉིས་སུ་མེད་པར་གཟིགས་ཏེ་གཞན་དབང་དུ་མ་གྱུར་པས་བདེ་བ་དང་། རྣམ་མཁྱེན་སྐད་ཅིག་དང་པོ་དེ་ཉིད་ལས་ནམ་མཁའ་ཇི་སྲིད་
བར་སྔ་ཕྱིའི་རྣམ་འགྱུར་མི་འདྲ་བ་མེད་པས་རྟག་པའི་ཕ་རོལ་ཏུ་སོན་པ་སྟེ་ཕ་རོལ་ཏུ་ཕྱིན་པ་བཞི་དང་ལྡན་ལ། བག་ཆགས་དང་བཅས་པའི་གློ་བུར་གྱི་དྲི་མ་མཐའ་དག་སྤངས་པའི་སྤོང་བ་ཆེན་པོ་དང་། སྒྱུ་མ་དང་
རྨི་ལམ་དང་དྲི་ཟའི་གྲོང་ཁྱེར་དང་པྲ་ཕབ་པ་ལ་སོགས་པ་བཞིན་དུ་མ་བརྟགས་པར་ཤེས་བྱའི་ཆོས་མ་ལུས་པ་མངོན་སུམ་དུ་གཟིགས་པའི་རྟོགས་པ་ཆེན་པོ་དང་། འགྲོ་བ་མཐའ་དག་གི་དོན་ནམ་མཁའ་ཇི་སྲིད་