R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 75a
[A:75a]འདས་པའི་མངོན་པར་མཁྱེན་པ་ཐོགས་མེད་དུ་མངའ། རང་ཉིད་ཀྱིས་གསན་པའི་ཆོས་རྣམས་སློབ་མའི་ཚོགས་ལ་སོ་སོར་གཏད། སློབ་དཔོན་འོད་ཟེར་མགོན་གདན་སར་བསྐོས་ཏེ་
དབེན་གནས་བྱ་བཏང་དུ་ཐེགས་ནས། དོན་དགུ་པ་ཆུ་ཕོ་འབྲུག་ལོ་ཧོར་ཟླ་གསུམ་པའི་ཉེར་དགུ་ལ་ནམ་མཁར་ཟླ་བ་ལྟ་བུ་ལ་ཚོམ་བུ་སོ་གཉིས་འོད་ལྔས་བསྐོར་བ་ཐལ་བྱུང་དུ་གྱེན་ལ་འགྲོ་བ་དང་། ལྷའི་སྤོས་
དང་རོལ་མོའི་སྒྲ་དང་བཅས་ཏེ་སྐུའི་བཀོད་པ་བསྡུས་སོ༎ སྐུ་གདུང་ཞུ་བས་ཐུགས་ལྗགས་རང་བྱོན་ཏེ་ཐུགས་དགེ་སྡིངས་དང་། ལྗགས་གསེར་སྡིངས་ཀྱི་གདུང་ཁང་ན་བཞུགས་ཤིང་། གདུང་ཕལ་ཆེ་བ་བྱ་བཏང་
གི་ཕྱི་རྟེན་མཆོད་རྟེན་ན་བཞུགས། ཀུན་སྤངས་ཆེན་པོས་ཀྱང་དགེ་སྡིངས་སུ་ནང་རྟེན་སྟོན་པའི་གསེར་སྐུ་དང་། ཕྱི་རྟེན་རྣམ་རྒྱལ་མཆོད་རྟེན་བཞེངས་སོ༎ ༡༠ ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བདག་ཉིད་ཆེན་པོ་དེའི་སྲས་ཀྱི་ཐུ་བོ་ཞང་ཀུན་སྤངས་
ཆེན་པོ་ནི། ཡུལ་གཡས་རུ་བྱང་གི་ངབ་ཕྱར་སྤང་སྐང་དུ། ཡབ་འབྲོ་རྗེ་དབང་ཕྱུག ཡུམ་གཉག་མོ་ལྕམ་མེའི་སྲས་སུ་ཆུ་མོ་ཡོས་ལ་སྐུ་འཁྲུངས། དགུང་ལོ་ལྔ་པ་ལ་གཉག་ཚར་ས་སྐྱ་པཎྜི་ཏ་སེམས་
བསྐྱེད་གསུངས་པ་ལ་མའི་པང་ནས་གསན། བདུན་པ་ལ་འཁྱོག་དཔོན་རྫོང་བའི་དྲུང་དུ་དགེ་བསྙེན་མནོས། དགུ་པ་ལ་འཁྱོག་ཞང་གིས་མཁན་པོ། རྫོང་པས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་། མཚན་