R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 85b
[A:85b]པས་སྐུ་མདངས་ཤིན་ཏུ་ལེགས་པ་ཅིག་ལ་རྩ་རླུང་གི་གདམས་པ་ཁ་ཡར་གསན། དེ་ནས་བདེ་ཆེན་དུ་ཆོས་རྗེ་རང་བྱུང་བ་ལ་ནང་བརྟག་རྒྱུད་གསུམ་སོགས་མང་དུ་གསན། མཚུར་ཕུར་གནས་ནང་བཏབ་ནས་འགྲོ་དོན་
ཡུན་རིང་དུ་མཛད་ཅིང་། ཆོས་དྲུག་དང་སྦྱོར་དྲུག་ལ་རྟགས་ཐོན་པའི་སློབ་མ་མང་དུ་ཐོན་ཏེ། རེ་བདུན་པ་ས་གླང་དཔྱིད་ཐའི་ཚེས་བཅུ་དགུ་ལ་གཤེགས་སོ༎ སློབ་མ་མང་ཡང་བུ་ཆེན་བཞིར་གྲགས་པ་ནི། རྟོགས་
ལྡན་མགོན་རྒྱལ་བ། འཇམ་དབྱངས་ཆོས་རྡོར་བ། གཡག་སྡེ་པཎ་ཆེན། མཁས་གྲུབ་དར་མ་རྒྱལ་མཚན་པ་དང་བཞི་ལས། ཁྱད་པར་དར་རྒྱལ་བ་ལ་ཐུགས་སྲས་ཀྱི་གཙོ་བོར་དགོངས་ཏེ་ཆོས་རྣམས་བུམ་པ་གང་བྱོའི་
ཚུལ་དུ་གནང་། གནས་ནང་གི་གདན་སར་བསྐོས། དེས་ཀྱང་རི་ཁྲོད་ཁོ་ན་འགྲིམ་ཞིང་ཐུགས་དམ་རྩེ་གཅིག་ཏུ་མཛད་པས་རི་ཁྲོད་པར་གྲགས། དེ་ལ་དཔལ་མཁའ་སྤྱོད་དབང་པོས་གསན་ནོ༎ ༎ གྲུབ་ཐོབ་དར་ཡུལ་བ།
གྲུབ་ཐོབ་དར་ཡུལ་བ་ནི། དར་ཡུལ་བྱེ་མར་འཁྲུངས། བྱང་སེམས་པ་ལས་གདམས་པ་མནོས་ཏེ་རྒྱ་ནག་རི་བོ་རྩེ་ལྔར་བསྒོམས་པས་གྲུབ་པ་བརྙེས་ནས་བྱང་ཕྱོགས་སུ་བསྟན་པ་སྤེལ་ལོ༎ ༡༢ མཁས་བཙུན་ཡོན་ཏན་རྒྱ་མཚོ། མཁས་བཙུན་ཡོན་ཏན་
རྒྱ་མཚོ་ནི། གཙང་མདོག་གི་དབེན་པར་སྔགས་པའི་དགོན་པ་མཁར་རྙིང་དུ། ཡབ་ཀུན་དགའ་དཔལ་དང་། ཡུམ་མགོན་སྐྱིད་ཀྱི་སྲས་སུ་ལྕགས་སྤྲེ་ལ་འཁྲུངས། གདུང་ལྷིང་། མཆེད་ལྔའི་ཐ་ཆུང་། བཅུ་གསུམ་པ་