R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 8b
[A:8b]བྱེ་བྲག་ཏུ་ཞིང་འདིའི་གདུལ་བྱ་རྣམས་དྲང་པའི་སླད་དུ་དང་པོར་ཚོགས་བསགས་པའི་ཚུལ་བསྟན་པ་ནི། དྲི་མེད་འོད་ལས། སྲིད་པའི་འཆིང་ལས་ངེས་པར་གྲོལ་ཡང་སྲོག་ཆགས་རྣམས་ཀྱི་ལམ་གྱི་སླད་དུ་སྲིད་
པ་སྟེ༎ སྣ་ཚོགས་སྐྱེས་རབས་ཕྲེང་བ་ཡོན་ཏན་དང་ལྡན་སེམས་ཅན་དོན་གཉེར་རྣམས་ཀྱིས་མཐོང་གྱུར་པ༎ དང་པོའི་སངས་རྒྱས་རྫུ་འཕྲུལ་ཆེ་ལྡན་སྤྱོད་པ་དག་སྟེ་ཞེས་གསུངས་པ་ལྟར། སྔོན་རྫ་མཁན་
གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ། དེས་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་སྤྱན་སྔར་ཐུགས་བསྐྱེད་དེ། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་༎ འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་༎ ཁྱེད་ཀྱི་
མཚན་མཆོག་བཟང་པོ་ཅི་འདྲ་བ༎ དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག། ཅེས་སྨོན་ལམ་བཏབ་པ་ནས་བཟུང་སྟེ་བསྐལ་པ་ཆེན་པོ་གྲངས་མེད་གཅིག་གི་བར་དུ། རྒྱལ་བ་ཡུལ་འཁོར་སྐྱོང་གི་བར་གྱི་
སངས་རྒྱས་བདུན་ཁྲི་ལྔ་སྟོང་མཉེས་པར་མཛད། དེ་ནས་གྲངས་མེད་གཉིས་པ་ལ་སངས་རྒྱས་ལེགས་མཛད་ནས་དབང་པོ་རྒྱལ་མཚན་གྱི་བར་གྱི་བདུན་ཁྲི་དྲུག་སྟོང་མཆོད། དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་དུ་གྱུར་
ཏེ་སངས་རྒྱས་མར་མེ་མཛད་ཀྱི་དྲུང་དུ་རྡོ་རྗེ་ཐེག་པ་ཐོབ། རང་རྒྱུད་ཀྱི་དང་པོའི་སངས་རྒྱས་དོན་ཐམས་ཅད་གྲུབ་པའི་ཞིང་གི་བཀོད་པ་གཟིགས། ལུང་བསྟན་པ་ཡང་ཐོབ་པ་ནས་བརྩམས་ཏེ་གྲངས་མེད་གསུམ་པ་