R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 9a
[A:9a]ལ་འོད་སྲུང་གི་བར་གྱི་སངས་རྒྱས་བདུན་ཁྲི་བདུན་སྟོང་བསྙེན་བཀུར་ནས། དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་པོར་སྐྱེ་བ་ཞེས་པ་ཡན་ནི་སྐྱེ་བ་མངོན་པར་སྐྱེ་བའི་
སྤྲུལ་པའི་སྐུའོ༎ དེ་ནི་སྐད་ཅིག་མ་གཅིག་ལ་བསྐལ་པ་གྲངས་མེད་པའི་ཡང་གྲངས་མེད་དུ་བྱིན་གྱིས་རློབ་པར་མཛད་པས་ཡུན་རིང་བ་ཡང་མིན་ལ། བསྐལ་པ་དེ་སྙེད་ཀྱི་དུས་ཡུན་དང་བཅས་པར་སྣང་བས་
ཡུན་ཐུང་བ་ཡང་མ་ཡིན་ནོ༎ དེ་ལྟར་ཏིང་ངེ་འཛིན་གཅིག་གི་མཐུ་ཡིན་པས་ན་བསྐལ་པ་གྲངས་མེད་པ་བདུན་དང་། བཅུ་དང་། སུམ་ཅུ་རྩ་གསུམ་དང་། གངྒཱ་ཀླུང་གི་བྱེ་མ་སྙེད་དུ་ཚོགས་བསགས་པའི་ཚུལ་
ཡང་བསྟན་ཏེ། འདི་དག་འགལ་བར་མི་བསམ་མོ༎ ༎ མཛད་པ་བཅུ་གཉིས་བཤད་པ། དེ་ནས་ཞིང་འདིར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་འཚང་རྒྱ་བའི་ཚུལ་ཇི་ལྟར་བསྟན་ཞེ་ན། ཐོག་མར་ཞིང་འདི་བརྗོད་པར་བྱ་
སྟེ། འདི་ལྟར་ནམ་མཁའ་ལ་རླུང་མེ་ཆུ་སའི་དཀྱིལ་འཁོར་བཞི་པོ་གོང་ནས་གོང་དུ་བརྩེགས་པ་རེ་རེའང་དཔག་ཚད་ལྔ་ཁྲིའི་དཔངས་དང་ལྡན་ཞིང་། ཚད་དེ་ཉིད་ཀྱི་འོག་མ་འོག་མ་གྱེན་དུ་ལངས་པས་ནང་མ་ནང་
མ་བསྐྱོར་བ། བཞི་ཀ་སྟེང་ན་ངོས་མཉམ་པར་གནས་པའི་དབུས་སུ་སའི་དཀྱིལ་འཁོར་དཔག་ཚད་འབུམ་ཡོད་པ་དེའི་དབུས་སུ་ཤར་ཨིནྡྲ་ནཱི་ལ། ལྷོ་པདྨ་རཱ་ག བྱང་ཟླ་བ་ཆུ་ཤེལ། ནུབ་ཀརྐེ་ཏ་སེར་པོ།