R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 97b
[A:97b]ཡོངས་སུ་རྫོགས་པ་ཕྲན་དང་བཅས་པ་གསན་ཏོ༎ མཁས་གྲུབ་བྱང་ཆུབ་རྒྱལ་མཚན། མཁས་གྲུབ་བྱང་ཆུབ་རྒྱལ་མཚན་པ་ནི། ཆོས་འཁོར་གླིང་དུ་ཡུན་རིང་དུ་བཞུགས་ནས་འགྲོ་ཕན་མཛད་ཅིང་། ཕྱི་ཞིག་ན་ཆུ་མིག་དགོན་གསར་དུ་བཞུགས་
ནས་དབང་རྒྱུད་བཤད་མན་ངག་གི་སྒོ་ནས་ཕྲིན་ལས་རྒྱས་པར་བྱུང་ངོ་༎ དེའི་སློབ་མ་འཇམ་དབྱངས་ནམ་མཁའ་གྲགས་ནི། དུས་ཀྱི་འཁོར་ལོའི་མཁས་གྲུབ་ཆེན་པོ་ཞིག་གོ། དེ་ལ་བདག་གི་བླ་མ་དུས་འཁོར་
བ་ཆེན་པོས་དབང་ཡོངས་སུ་རྫོགས་པ་ཆོས་མགོན་པའི་ལུགས་མནོས་སོ༎ སངས་རྒྱས་བློ་གྲོས་པ། སངས་རྒྱས་བློ་གྲོས་པ་ནི། ཚོགས་ཆེན་མོའི་མཁན་པོ་མཛད། དེ་རྗེས་ས་སྟོད་སྨད་མང་པོར་བཞུགས་ནས་ཁྲིད་ཀྱིས་
གཞན་དོན་ཆེ་བར་མཛད་ཅིང་། ཕྱིས་ཡོལ་རིན་ཆེན་གླིང་བཏབ་ནས་འགྲོ་དོན་བསྐྱངས་སོ༎ མཁན་ཆེན་རྒྱལ་བཟང་པ། ཆོས་མགོན་པས་རྩེ་ཐང་དུ་སྡེ་སྣོད་འཛིན་པ་མང་པོ་ལ་རྒྱུད་འགྲེལ་གསུངས་པའི་གསན་པ་པོའི་མཆོག་
མཁན་ཆེན་རྒྱལ་བཟང་པ་ནི། ལྕགས་སྟག་ལ་འཁྲུངས། ཆོས་མགོན་པ་ལ་དབང་རྒྱུད་བཤད་དང་། མཁན་ཆེན་བསངས་བློ་བ་ལ་སྦྱོར་དྲུག་གསན། སྤྱན་རས་གཟིགས་ཀྱིས་གོ་བླའོ་ཞེས་གསུངས་
པ་འདི་ཐམས་ཅད་ཁོ་བོ་ལུང་བསྟན་པར་འདུག་གསུང་། ཐུགས་དམ་དུས་འཁོར་ཉིད་ལ་མཛད། བཤད་པ་དང་ཁྲིད་ཀྱིས་གཞན་ཕན་ཆེར་མཛད་ནས་དོན་དྲུག་པ་ཤིང་སྦྲུལ་ལ་གཤེགས་སོ༎ རྐྱང་ཆེན་པ་ཤཱཀྱ་ཤྲཱི།