R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 98a
[A:98a]ཆོས་མགོན་པའི་སློབ་མ་རྐྱང་ཆེན་པ་ཤཱཀྱ་ཤྲཱི་ནི། གཙོ་བོ་ཆོས་མགོན་པ་ལས་རྒྱུད་འགྲེལ་བྱང་བར་བསླབས། མཁན་ཆེན་རྒྱལ་བཟང་པ་དང་། ཚལ་མིན་པ་ལས་ཀྱང་གསན།
བུ་རིན་པོ་ཆེའི་དངོས་སློབ་བླ་མ་དབང་རིན་པ་རྒྱལ་ལྷ་ཁང་ན་བཞུགས་པ་ལ་བུ་ལུགས་རྣམས་གསན། མནལ་ལམ་དུ་སྐས་རིང་བོ་ཞིག་ལ་འཛེགས་ཏེ་མཆོད་རྟེན་གྱི་བུམ་པའི་ནང་དུ་བྱོན་པ་ན། དུས་ཀྱི་འཁོར་
ལོའི་དཀྱིལ་འཁོར་ཤིན་ཏུ་བཀྲ་བ་ཅིག་གི་འགྲམ་ན། ཀུན་མཁྱེན་ཆེན་པོ་བཞུགས་པ་དང་མཇལ་ཏེ་བྱིན་གྱིས་བརླབས་པའི་སྣང་བ་བྱུང་བས་ཆོས་མང་པོ་ལ་ངེས་པ་རྙེད་གསུང་། བརྒྱད་ཅུ་པ་ས་ཕོ་འབྲུག་
ལ་བདེ་བ་ཅན་དུ་གཤེགས་སོ༎ དེ་ལ་ཐམས་ཅད་མཁྱེན་པ་འགོས་ལོ་ཙཱ་བས་གསན་ཏོ༎ ༎ ༡༥ ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་བ་ནི། མཚན་གཞན་ཆོས་ཀྱི་རྒྱལ་པོ་ཞེས་པ་འཁྲུངས་ཡུལ་
མངའ་རིས་པ། མེ་ཕོ་རྟ་ལ་འཁྲུངས། གཞོན་པའི་དུས་ནས་དབུས་སུ་བྱོན་ནས་ཆོས་འཁོར་གླིང་དུ་ཕར་ཚད་ལ་སོགས་པའི་མཚན་ཉིད་ཀྱི་སྡེ་སྣོད་ལ་སྦྱངས་པས་མཁས་པ་ཆེན་པོ་གྱུར་ཏེ། དབུས་
གཙང་གཉིས་ཀར་གྲ་བསྐོར་ཡང་མཛད། གྲ་བསྐོར་གྱི་ནང་ལ་ཀུན་མཁྱེན་ཆེན་པོ་དང་མཇལ་བས་ཤིན་ཏུ་དད་པས་ཇོ་ནང་ཉིད་དུ་ཕྱག་ཕབ་སྟེ། ཀུན་མཁྱེན་ཆེན་པོའི་དྲུང་དུ་དུས་ཀྱི་འཁོར་ལོའི་དབང་