R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 100b
[A:100b]དེ་ནས་བསྙུན་ལས་གྲོལ་ཞིང་གྲུབ་པ་བརྙེས་ནས་རྒྱུད་འགྲེལ་གྱི་བཤད་པ་ཡང་གནང་། རྒྱུན་ལྡན་དུ་སྐྱ་སེར་ཕོ་མོ་ལ་སོགས་པའི་གདུལ་བྱ་མང་པོ་ལ་སྦྱོར་དྲུག་གི་ཁྲིད་བཏབ་སྟེ། གཞན་གྱི་དོན་ཡུན་
རིང་དུ་མཛད་ནས། གྱ་དྲུག་པ་ཤིང་ཕོ་འབྲུག་ལ་སྐུའི་སྐྱེ་བ་སྔ་མའི་གནས་དགའ་ལྡན་དུ་བྱོན་ཏོ༎ ༎ འགོས་ལོ་ཙཱ་བ་ཆེན་པོ་གཞོན་ནུ་དཔལ། དེའི་སློབ་མའི་ཐུ་བོ་ཐམས་ཅད་མཁྱེན་པ་འགོས་ལོ་ཙཱ་བ་ཆེན་པོ་གཞོན་ནུ་དཔལ་
ནི། ཡུལ་རྒྱ་སྨན་ལྷ་ཁང་གི་མདའ་ངམ་པ་རའི་གྲོང་ནག་མོ་དབུས་ཁྱིམ་དུ། ཡབ་འགོས་སྟོན་འབྱུང་གནས་རྡོ་རྗེ་དང་ཡུམ་སྲི་ཐར་སྐྱིད་ལ་སྲས་ལྔ་འཁྲུངས་པའི་གསུམ་པ་ཡིན། ཆུ་ཕོ་སྤྲེའུ་
ལ་འཁྲུངས། དགུང་ལོ་དགུ་ལ་སྤྱན་གཡས་མཁན་ཆེན་སངས་རྒྱས་བསྟན་པ་ལས་རབ་ཏུ་བྱུང་། སློབ་དཔོན་ཤེས་རབ་དར་ལས་སྤྱོད་འཇུག་གསན། ཁོང་གི་ཞལ་ནས་དཀའ་བཞི་དུས་འཁོར་
དང་བཅས་པ་ཅིག་ཅི་ནས་ཀྱང་སློབས་གསུང་བས་དུས་འཁོར་སློབ་པ་ལ་ཁྱད་ཆེ་བར་བྱུང་གསུང་། བཅུ་གཉིས་པ་ལ་རྩེས་ཐང་དུ་བྱོན་ཏེ་བསམ་བཟང་པ་ལས་རྣམ་འགྲེལ་དང་སྟོན་ཤཱཀ་པ་ལས་
ཕར་ཕྱིན་རྒྱུད་བླ་གསན། རྒྱུད་བླ་ཐུགས་ལ་ཟིན་པ་དང་མཁྱེན་པ་དུས་མཉམ་དུ་བྱུང་། ཐང་སག་ཏུ་ཡེ་རྒྱལ་པ་ལ་རྩ་འཇུག་ཚིག་གསལ་བཞི་བརྒྱ་པ་གསན་པས་ཟླ་བ་ཤར་བའི་མཚན་མ་བརྙེས། ཉེར་