R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 100a
[A:100a]ཐེག་པ་ཆེན་པོའི་རིགས་ལ་གནས་པས་གཞན་དང་ཁ་འཐབ་ཙམ་ཡང་མཛད་མ་མྱོང་། སྐུ་ན་ཕྲ་བ་ཉིད་ནས་ཡབ་མེས་ཀྱི་ཆོས་བརྟག་གཉིས་རྔོག་ལུགས། ཕུར་པ་རྟ་མགྲིན་
བླ་མ་སོགས་བཀའ་གཏེར་གྱི་ཆོས་མང་པོ་གསན། དེ་ནས་རྩེ་ཐང་དུ་ཆེན་པོ་ཆོས་སེང་བ་དང་སློབ་དཔོན་འོད་ཟེར་དཔལ་བ་ལ་ཕར་ཚད་ལོ་ཆེན་བྱང་རྩེ་ལ་རྒྱུད་བཤད་ཚར་ཕྱེད་དང་གཉིས། ལོ་ཙཱ་བ་
ནམ་མཁའ་བཟང་བོ་ལ་ཚར་གཉིས། ཆོས་རྗེ་ཕྱོགས་པ་ལ་དབང་ཡོངས་སུ་རྫོགས་པ། རྒྱུད་བཤད་ཚར་གཉིས། སྦྱོར་དྲུག་དང་བསྙེན་སྒྲུབ་རྟོགས་ལྡན་སྔོ་ཉལ་མ་ལ་རྒྱུད་འགྲེལ་ཕྱོགས་མཆན། ཆོས་
འཁོར་གླིང་པ་འཇམ་དཀར་ལ་དོན་དམ་བསྙེན་པ་དང་ལྟ་འདོད་མདོར་བསྟན། ཞང་སྟོན་རྒྱ་བོ་ལ་རྒྱུད་འགྲེལ་ཀུན་མཁྱེན་ཆེན་པོའི་མཆན་དང་བཅས་པ། རི་སྟོན་བློ་ཆེན་འོད་ལ་རྒྱུད་འགྲེལ་ལོ་གྲགས་པའི་
འགྱུར་དང་། ནཱ་རོ་པའི་དབང་མདོར་བསྟན་གྱི་འགྲེལ་པ་གསན། ཀུན་མཁྱེན་ཆེན་པོ་ལྷ་སར་ཕེབས་དུས་བསྙེན་པར་རྫོགས། ཆོས་ཕྲན་འགའ་ཡང་གསན། དེ་རྣམས་ལས་ཕྱོགས་ལས་རྣམ་རྒྱལ་བའི་
ལུགས་ཉིད་གཙོ་བོར་མཛད། དེ་ནས་སྒྲུབ་པ་ལ་ཞུགས་ཏེ་ཡན་ལག་དྲུག་གི་རྣལ་འབྱོར་ལྷུར་བླངས་པའི་ཚེ་སྐུ་ལུས་མེས་བསྲེགས་པ་འདྲ་བའི་བསྙུན་གྱིས་ལོ་དགུར་བསྙུང་ཡང་ཐུགས་དམ་མ་ཆག