R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 11a
[A:11a]སངས་རྒྱས་ཀྱི་སྣང་བ་འབྱུང་བས་སངས་རྒྱས་ཀྱི་ཞིང་ཞེས་བྱ་སྟེ་མ་དག་པའི་ཞིང་ངོ་༎ མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་ལ་སོགས་པ་ཤིན་ཏུ་རྣམ་པར་དག་ཅིང་དབང་
བསྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད་ཅན་གྱི་ཞིང་ནི་ས་ཐོབ་པ་ཡན་ཆད་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཏེ་དག་པའི་ཞིང་ངོ་༎ ཞིང་འདིའི་འོག་མིན་ལས་གྱེན་དུ་འཕགས་པའི་ནམ་མཁའི་ཟད་བར་གྱི་གནས་
སུ་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་རྣམ་པས་བསྐོར་ཏེ་བཞུགས་པ་དང་། ལྕང་ལོ་ཅན་ནམ་རོ་ལྡན་ན་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་བཙུན་མོ་དང་།
རྡོ་རྗེ་སྡེ་དང་དཔུང་བཟང་ལ་སོགས་པའི་སྲས་དང་བཅས་པ་དང་། འཛམ་བུའི་གླིང་གི་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ན་རི་པོ་ཏཱ་ལ་ན་སྤྱན་རས་གཟིགས་སྒྲོལ་མ་ལ་སོགས་པའི་འཁོར་དང་བཅས་ཏེ་བཞུགས་པ་དང་། ས་
འོག་ན་སངས་རྒྱས་ཀླུ་དང་རབ་གཏུམ་མའི་ཚུལ་བཟུང་ནས་བཞུགས་པ་དང་། མིའི་ཡུལ་ན་ཁྲོ་བོ་བཅུ་བཙུན་མོ་དང་བཅས་པ་དང་། གནས་དང་ཞིང་ལ་སོགས་པ་ཆེན་པོ་དང་འབྲིང་དང་ཆུང་ངུ་རྣམས་ན་དཔའ་བོ་
དང་རྣལ་འབྱོར་མ་མང་དུ་བཞུགས་པས་འགྲོ་བ་རྣམས་རྗེས་སུ་འཛིན་པར་མཛད་དོ༎ ༎ བྱེ་བྲག་ཏུ་འཛམ་བུའི་གླིང་ཆུང་ངུ་ཉིད་ལ་ལྷོ་ནས་བྱང་དུ་རིམ་པ་བཞིན་འཕགས་པའི་ཡུལ་དང་།