R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 130b
[A:130b]འཆད་ཉན་མཛད་དུས་ཆགས་སྡང་ལ་ཐུགས་སྐྱོ་ནས། མཚུངས་མེད་པའི་དྲུང་དུ་བློ་སྦྱོང་གསན་པས་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་འཁྲུངས། སྙིང་རྗེའི་གཞན་དབང་གིས་རྒྱུན་དུ་སྤྱན་ཆབ་འབྱིན་པས། མཚུངས་
མེད་པའི་ཞལ་ནས་ཁྱེད་ཀྱི་དབུ་འདི་ཆུ་ལས་བྱས་པ་འདྲ་ཞེས་གསུང་། དེ་ནས་གཅོད་སྐོར་གསན་ཏེ་གཉན་ཁྲོད་འབའ་ཞིག་བརྟེན་ནས་དུར་ཁྲོད་གཅིག་ཏུ་བཞུགས་པའི་ཐུགས་ཉམས་ལ། གློ་གཉིས་ནས་མི་དཀར་དམར་
འཇིགས་སུ་རུང་བ་དབྱུག་པ་ཐོགས་པ་རེ་བྱུང་ནས། ཁྱེད་ཀྱིས་ངེད་གཉིས་མ་བཅོམ་ན་མི་འོང་ཟེར་བས། རོ་རྐྱང་གི་བགྲོད་པ་འཇོམས་དགོས་པའི་བརྡར་གོ་གསུང་། དེ་ནས་མཚུངས་མེད་པའི་དྲུང་དུ་ཟབ་ལམ་གྱི་ཁྲིད་དཔལ་
ལྡན་བླ་མའི་ལུགས་གསན་པས། རབ་ཀྱི་དང་པོ་རྟོགས་པ་སྟེ། ཞེས་པ་ལྟར་རྟགས་བཅུ་རྫོགས་ཤིང་སྐུ་དང་ཞིང་ཁམས་མཐའ་ཡས་པ་གཟིགས། འཕར་གཡོ་འདར་སྤྲུག་ལ་སོགས་པ་རྡོ་རྗེའི་ཉམས་ཅི་ཡང་རྡོལ། གཞན་ཡང་
རྒྱུད་བླ་རྩ་འགྲེལ་སོགས་མང་དུ་གསན། ཉེར་ལྔ་པ་ལ་བསམ་ཡས་སུ་འོད་གསལ་དཔལ་གྱི་དགོན་པར་ཐེགས་ཏེ། དཀའ་བཞི་བ་ཆོས་ཀྱི་རྒྱལ་མཚན་པ་ལ། དུས་འཁོར་གྱི་དབང་ཁྲིད། ཕར་ཕྱིན་རྒྱུད་བླ་རྣམས་གསན།