R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 135a
[A:135a]ཞེ་གཉིས་པ་ལ་གཙང་ཕྱོགས་ལ་ཐེགས་ཏེ། དཔལ་འཁོར་བདེ་ཆེན་དུ་ཆོས་རྗེ་དཀོན་མཆོག་བཟང་པོ་ལ་བྱམས་ཆོས་ལྔ་གསན། ཁྲོ་ཕུའི་བྱམས་ཆེན་མཇལ་ནས་ས་སྐྱར་བྱོན་ཏེ། ཆོས་རྗེ་ངོར་
པའི་གཅུང་པོ་གཞོན་ནུ་པ་ལ་ལམ་འབྲས་ལམ་སྐོར་དང་བཅས་པ། ངོར་པ་ཉིད་ལ་ནཱ་རོ་མཁའ་སྤྱོད་དང་ལམ་དུས་ཀྱི་དབང་། མུས་ཆེན་དཀོན་མཆོག་རྒྱལ་མཚན་ལ་བདེ་མཆོག་ཉུང་ངུའི་རྒྱུད་དང་གུར་བརྟག་སམ་གསུམ་གྱི་བཤད་པ་
དང་ས་སྐྱ་པའི་བཀའ་འབུམ་གསན། ལ་སྟོད་བྱང་དུ་བདག་པོ་རྣམ་རྒྱལ་གྲགས་པ་ལ་འཁོར་ལོ་སྡོམ་ཆེན་གྱི་དབང་གསན། བདག་པོས་བཀའ་གནང་ནས་དགེ་བཤེས་མང་བ་ཞིག་ལ་རྒྱུད་འགྲེལ་ཚར་གཅིག་གསུངས། ཇོ་
མོ་ནང་མཇལ་དུས་མཐོང་གྲོལ་ཆེན་མོའི་གདུགས་གཡས་བསྐོར་དུ་འཁོར་བའི་ཉམས་ཤར་མ་ཐག་ནམ་མཁའ་ཐམས་ཅད་སངས་རྒྱས་ཀྱི་སྐུའི་སྣང་བས་གང་། ཐུགས་ཉམས་འུར་ལངས་ཏེ་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་འཁྲུངས།
དེ་ནས་སྐུངས་ལུངས་སུ་ཆོས་རྗེ་སངས་རྒྱས་དཔལ་བ་ལ་རྡོ་རྗེ་ཕྲེང་བ་ལ་སོགས་པའི་དབང་རྗེས་གནང་བཞི་བརྒྱ་ལྷག་དང་། རྒྱུད་སྡེ་དུ་མའི་བཤད་པ་དང་སྒྲུབ་སྐོར། ཤངས་ཆོས་སྦྱོར་དྲུག་རིགས་མི་འདྲ་བའི་ཁྲིད་རིམ་དུ་མ་གསན།