R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 185b
[A:185b]སྟོན་རིན་པོ་ཆེ་ཡར་ཀླུངས་དོ་སྔོན་དུ་བྲག་ཁའི་ཇོ་བོ་སོགས་མི་ཆེན་ཉེར་ལྔ་ལ་དུས་འཁོར་གྱི་དབང་གནང་བའི་ཚེ་མཇལ་དུ་བྱོན་པས། ཉི་མ་ཤར་བ་དང་དུས་མཚུངས་པར་ཞལ་མཇལ། ཁྱེད་རྣམས་བཅོམ་ལྡན་འདས་དཔལ་དུས་
ཀྱི་འཁོར་ལོར་འགྱུར་རོ་ཞེས་གསུངས་པ་དང་འགྲིག་པས། རྟེན་འབྲེལ་བཟང་བར་དགོངས། ཆོས་འབྲེལ་དང་བྱིན་བརླབས་ཞུས་པས་མྱུར་དུ་ཕྲད་པར་བྱེད་དོ་གསུངས་པས། ཞབས་དྲུང་དུ་སླེབས་པའི་སྨོན་ལམ་མང་དུ་བཏབ་
ནས་གཉལ་དུ་བྱོན། ཡབ་ཀྱི་ཞལ་ནས་དགེ་བའི་བཤེས་གཉེན་དང་མཇལ་བ་ལ་ཡི་དམ་ལ་གསོལ་བ་འདེབས་དགོས་པ་ཡིན་གསུངས་པས། ཕྱེའུ་གྲོག་གི་མཆོད་ཁང་ཆུང་ངུ་ཞིག་ཏུ་མཚམས་བཅད་དེ།
མི་གཡོ་སྔོན་པོ་པུས་བཙུགས་ཀྱི་བསྙེན་པ་འབུམ་ཕྲག་ལྔ་བཅུ་རྩ་དྲུག་ཁ་སྐོངས་ཀྱི་སྦྱིན་སྲེག་དང་བཅས་པ་མཛད་པས། ཟླ་བ་བཅུ་བདུན། ཡི་དམ་གྱི་ཐང་སྐུ་ལས་འོད་འཕྲོ་བ་དང་། ལྷོ་ཕྱོགས་
ཀྱི་བུ་ག་ནས་ཁྱི་ནག་པོས་གཏོར་མ་ལེན་པ་བྱུང་ཞིང་། མཐར་ཁྱི་ནག་པོ་དེ་ཡི་དམ་དངོས་སུ་གཟིགས་ཏེ། བསྟོད་པ་གསོལ་འདེབས་དང་བཅས་པ་མཛད། དེ་ནས་རིམ་གྱིས་བསམ་ཡས་སུ་བྱོན། དཔལ་ལྡན་