R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 191b
[A:191b]པ་ལ་རྔོག་ལོ་ཙཱ་བའི་སློབ་མ་དབང་སྟོན་ལས་དགེ་སློང་ཆིག་རྫོགས་མཛད་དེ་འདུལ་བ་དབུ་ཚད་གསན། མཚན་གཞོན་ནུ་དཔལ་དུ་བཏགས། ཉེར་གསུམ་པ་ལ་ཡབ་ཡུབ་དང་མཁན་པོ་ལ་སོགས་པས་ཤོལ་བཏབ་ཀྱི་
དོགས་པས་བྲོས་ནས་ལམ་དུ་སློང་མོ་མཛད་པ་གསེར་དུ་བསྒྱུར་ཞིང་བྱོན་ཏེ་ང་རྒྱ་གར་དུ་འགྲོ་གསུངས་པས་རྒྭ་ལོར་གྲགས། སྣེའུ་ཟུར་པ་ལ་ལམ་རིམ། གླང་རི་ཐང་བ་ལ་སེམས་བསྐྱེད་གསན། ལམ་རིམ་གྱི་དཔེ་རྒྱ་གར་
མ་ཡང་བསྣམས། སྟོད་ལུང་ཕུའི་གནམ་རྩེ་ལྡང་དུ་བྱོན་པས་དེ་ན་གནས་པའི་ཁམས་པ་རྒྭ་སྟོན་གྱིས་གསེར་མང་དུ་བརྫངས། གཙང་དུ་དགེ་བཤེས་དགེ་བ་དང་། ཁྱུང་ལ་ཚད་མ་གསན་འཕྲོ་ལ། རྒྱ་གར་ལ་འགྲོ་
བའི་གྲོགས་བྱུང་བས་གསེར་སྲང་དྲུག་ཅུ་བསྣམས་ཏེ་རྡོ་རྗེའི་གདན་དུ་བྱོན་ནས། རྒྱལ་པོ་ར་མ་པཱ་ལ་ལ་བབས་པས། དེ་ན་རེ་ཁྱེད་ཅི་འདོད་པ་ཡིན་ཆོས་ཚོལ་ན་དཔལ་ན་ལནྡ་ནས་པཎྜི་ཏ་མང་བོ་བཞུགས།
དེའི་ནང་ནས་ཀྱང་ཙ་མི་པཎྜི་ཏ་བྱ་བ་རིག་པའི་གནས་ལྔ་ལ་མཁས་ཤིང་ཚེའི་དངོས་གྲུབ་བརྙེས་པ་ཞིག་བཞུགས་ཀྱི། ཁྱེད་བོད་ཐམས་ཅད་དེར་འབབ་པ་ཡིན་པས་དེར་སོང་ཤིག་ཟེར་བ་དང་། ཙ་མི་ནི་བོད་ཡིན།