R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 240b
[A:240b]རྒྱ་མཚོ་ལ་བདེ་མཆོག་གི་རྫོགས་རིམ་སངས་རྒྱས་འཆར་བ། ཀྱཻ་རྡོ་རྗེའི་རྫོགས་རིམ་སྙིང་པོ་བརྒྱ་བ་རྩ་འགྲེལ་གནང་ཞིང་ལེགས་པར་བསྒྱུར། སླར་བལ་པོར་ཐེགས་ནས་གོ་བི་ཙནྟྲའི་དགོན་པར་སྒྲུབ་པ་སྙིང་པོར་
མཛད་དེ་བལ་ཡུལ་བ་རྣམས་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད་ནས་གྱ་ལྔ་པ་ས་ཕོ་བྱི་བ་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ལ་བར་སྣང་ནས་འོ་མ་ལྟར་དཀར་བའི་ཆུའི་རྒྱུན་འབབ་
པ་དང་། མེ་ཏོག་གི་ཆར་དང་ས་གཡོ་བ་དང་། འཇའ་འོད་དང་བཅས་པའི་ཆོ་འཕྲུལ་བསྟན་ནས་ཉེར་གཉིས་ཀྱི་ནམ་ཕྱེད་ན་རྡོ་རྗེའི་སྐྱིལ་དཀྲུང་གིས་བཞུགས་ཏེ་སྐུ་དྲང་པོར་བསྲང་ནས་མཁའ་སྤྱོད་དུ་གཤེགས། ཉེར་
གསུམ་གྱི་སྲོད་ལ་དུར་ཁྲོད་ར་མ་དོ་ལིར་སྐུ་གདུང་བཞུགས་ལ་བཞེན་པའི་ཚེ་བལ་པོའི་ཡུལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པ་བྱུང་། བོད་ཡུལ་དུའང་མེ་ཏོག་གི་ཆར་འབབ་པ་དང་། ནམ་མཁའ་ལ་འཇའ་
དཀར་བོ་མཎྜལ་ལྔ་པའི་རྣམ་པ་ཤར་བ་སོགས་བྱུང་ངོ་༎ ལོ་ཆེན་བསོད་ནམས་རྒྱ་མཚོ། དེའི་སྲས་མཆོག་ལོ་ཆེན་བསོད་ནམས་རྒྱ་མཚོའི་སྡེ་ནི། ངག་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རིགས་རྒྱུད་རིག་འཛིན་བསོད་ནམས་འོད་ཟེར་དང་། ཡུམ་དཔལ་