R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 24b
[A:24b]གྱི་ཆ་ཡོད་མིན༎ ཞེས་པ་དང་། གང་ཞིག་གདུག་ལ་གདུག་སྤྱོད་པ༎ དེ་ལ་སྐྱོན་ནི་མ་མཐོང་ངོ་༎ ཞེས་བྲམ་ཟེས་སྨྲས་པ་ལ་བརྟེན་ནས། ཀླ་ཀློའི་ཆོས་དང་འདྲ་བར་རིག་བྱེད་དང་རྒྱལ་རིགས་ཀྱི་ཆོས་
ལ་ཡང་ལྷ་དང་ཕ་མེས་ཀྱི་ཆེད་དུ་སྲོག་གཅོད་པ་ཡིན་པས། རིག་བྱེད་ཀྱི་ཆོས་ཐམས་ཅད་ཚད་མར་བྱས་ནས་ཀླ་ཀློའི་ཆོས་ཡོངས་སུ་འཛིན་པར་འགྱུར་ཏེ། རྒྱུ་དེས་ན་མ་འོངས་པ་ན་ཀླ་ཀློའི་ཆོས་མི་འཇུག་
པར་བྱ་བའི་ཕྱིར། ངའི་བཀའ་སྩལ་ཁྱེད་རྣམས་ལ་བྱིན་པ་ཡིན་ནོ༎ དེ་བས་ན་ཁྱེད་རྣམས་ཀྱིས་ངའི་བཀའ་བཞིན་བྱོས་ཤིག ཅེས་བཀའ་སྩལ་པ་དང་། མིའི་དབང་པོ་གྲགས་པའི་གསུང་ཆད་པ་དང་
བཅས་པའི་བཀའ་འདི་ཚངས་པའི་དྲང་སྲོང་རྣམས་ལ་མགོ་བོར་ཐོག་ལྷུང་བ་བཞིན་དུ་གྱུར་ནས་སྡུག་བསྔལ་ཏེ་གུད་དུ་སོང་ནས་གྲོས་བགྲོས་པ་ན་ཐམས་ཅད་མཐུན་པར་དྲང་སྲོང་རྣམས་ཀྱི་གཙོ་བོ་ཉི་མའི་
ཤིང་རྟ་ལ་སྨྲས་པ། ཀྱེ་ཉི་མའི་ཤིང་རྟ་ཁྱོད་ཀྱིས་མིའི་དབང་པོ་གྲགས་པ་ལ། བདག་ཅག་ནི་རིག་བྱེད་ལས་བཤད་པའི་རིགས་ཀྱི་ཆོས་དོར་ནས། རྡོ་རྗེ་ཐེག་པ་ལ་འཇུག་པ་བས་འཕགས་པའི་ཡུལ་དུ་འགྲོ་བ་མཆོག་གོ་ཞེས་ཞུ་བ་མཛོད་ཅིག་ཅེས་སོ༎ དེ་ནས་ཉི་མའི་ཤིང་རྟ་མིའི་དབང་པོ་གྲགས་པའི་དྲུང་དུ་ཕྱིན་ཏེ་ཚངས་པའི་དྲང་སྲོང་དེ་རྣམས་ཀྱི་ཚིག་བཞིན་གསོལ་བ། ཀྱེ་རྒྱལ་པོ་ཆེན་པོ། མཆོག་