R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 25a
[A:25a]གི་རྒྱལ་པོ། དབང་ཕྱུག་དམ་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུའི་ཡན་ལག་ཡོངས་སུ་རྫོགས་པ། དཔལ་ལྡན་ཤཱཀྱའི་
རིགས་ཀྱི་ཐིག་ལེ། མཆོག་གི་ཐུགས་རྗེ་ཅན། རང་རང་གི་ཆོས་ལ་ཞུགས་པ་རྣམས་ལ་ཐུགས་རྗེ་མཛོད་ཅིག ཅི་སྟེ་བདག་ཅག་གིས་གདོན་མི་ཟ་བར་ཁྱོད་ཀྱི་བཀའ་བཞིན་བྱ་བ་ཡིན་པ་དེ་ལྟ་ན་བདག་
ཅག་རྡོ་རྗེའི་རིགས་ཀྱི་དབང་བསྐུར་ལ་འཇུག་པར་མི་བགྱི་སྟེ། ཁྱོད་ཀྱི་བཀས་ཆུ་བོ་ཤཱི་ཏའི་ལྷོ་བོད་ཁ་བ་ཅན་དང་ལངྐའི་གླིང་གི་བར་འཕགས་པའི་ཡུལ་དུ་འགྲོ་བ་མཆོག་གོ་ཞེས་གསོལ་བ་དང་། མིའི་
དབང་པོ་གྲགས་པས་བཀའ་སྩལ་པ། ཁྱེད་རྣམས་ཤམྦྷ་ལའི་ཡུལ་ནས་མྱུར་དུ་ཕྱུང་ལ་སོང་ཤིག གང་གིས་ཆུ་བོ་ཤཱི་ཏའི་བྱང་ཕྱོགས་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་སེམས་ཅན་
ཐམས་ཅད་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལམ་ཡོངས་སུ་སྤངས་ནས། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་བྱིན་བརླབས་ཀྱིས་ཡང་དག་པའི་ཡེ་ཤེས་ཀྱི་ལམ་ཐོབ་པར་འགྱུར་རོ༎ ཞེས་
བཀའ་སྩལ་པ་དང་། ཚངས་པའི་དྲང་སྲོང་དེ་དག་རང་རང་གི་བུ་དང་ཆུང་མ་དང་གཉེན་བཤེས་གཡོག་དང་བཅས་པ་ཀ་ལཱ་པའི་གྲོང་ནས་ཐོན་ཏེ་ཉིན་ལམ་བཅུ་པ་ནགས་ཚལ་ཆེན་པོ་ཞིག་གི་ཁྲོད་དུ་ཞུགས་