R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 25b
[A:25b]སོ༎ དེར་ཞུགས་པའི་མིའི་དབང་པོ་གྲགས་པས་མངོན་པར་མཁྱེན་པས་གཟིགས་ཏེ། གལ་ཏེ་དྲང་སྲོང་འདི་རྣམས་འཕགས་པའི་ཡུལ་དུ་སོང་ན་ཤམྦྷ་ལ་ན་གནས་པའི་རྒྱལ་རིགས་ལ་སོགས་པའི་སྐྱེ་བོ་
རྣམས། རྡོ་རྗེ་ཐེག་པ་ཡང་དག་པའི་ཡེ་ཤེས་ཀྱི་ལམ་མ་ཡིན་པའི་རྒྱུ་དེས་དྲང་སྲོང་ཐར་བ་དོན་དུ་གཉེར་བ་འདི་རྣམས་ཐམས་ཅད་མིའི་དབང་པོ་གྲགས་པའི་འཇིགས་པས་རང་གི་ཡུལ་བོར་ནས། འཕགས་
པའི་ཡུལ་དུ་སོང་ངོ་ཞེས་སེམས་པར་བྱེད་པས་སྐལ་བ་ངན་པར་གྱུར་ཏེ་ཆོས་ཀྱི་སྣོད་དུ་མི་འགྱུར་བར་དགོངས་སོ༎ དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་མཁྱེན་ནས། མིའི་དབང་པོ་གྲགས་པ་ཉིད་
ཁྱབ་འཇུག་དང་ཚངས་པ་དང་དྲག་པོའི་རིགས་ཐམས་ཅད་རྨོངས་པར་བྱེད་པ་ཞེས་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ༎ ཏིང་ངེ་འཛིན་དེ་དང་ལྷའི་བྱིན་བརླབས་ཀྱི་སྟོབས་ཀྱིས་དྲང་སྲོང་དེ་རྣམས་ནགས་
ཚལ་དེ་ཉིད་དུ་རྨོངས་པར་གྱུར་པ་དང་། ནགས་ཚལ་དེ་ན་གནས་པའི་རི་ཁྲོད་པ་མི་མ་ཡིན་རྣམས་ཀྱིས་དྲང་སྲོང་དེ་དག་བཅིངས་ནས། སླར་ཡང་དཀྱིལ་འཁོར་གྱི་ཁང་བའི་ཤར་སྒོའི་ཁྱམས་དེ་ཉིད་དུ་ཁྱེར་
འོངས་ཏེ། མིའི་དབང་པོ་གྲགས་པ་ཏིང་ངེ་འཛིན་དེ་ལས་བཞེངས་པའི་ཞབས་ཀྱི་དྲུང་དུ་དོར་བ་དང་། དེ་རྣམས་རྨོངས་པ་དེ་ལས་ཅིག་ཆར་རབ་ཏུ་སད་དེ་དྲན་པ་རྙེད་ནས་མིའི་དབང་པོ་གྲགས་པ་དང་། དཀྱིལ་འཁོར་