R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 3b
[A:3b]ཐོས་པས་ཀྱང་སྲིད་པའི་གདུང་བ་མཐའ་དག་ཞི་བར་མཛད་པ་དེའི་ཆེ་བའི་ཡོན་ཏན་བརྗོད་པར་བྱ་སྟེ། དེ་ནི་སྔོན་གྱི་སྔོན་དང་དང་པོའི་ཡང་དང་པོའི་དུས་ཀྱི་ཚེ། རྟེན་ཁམས་དྲུག་དང་ལྡན་པའི་སྐྱེས་བུ་ཆེན་པོའི་
གང་ཟག་ཉིད། མཆོག་གི་བླ་མ་ཚུལ་བཞིན་དུ་བསྟེན་ནས། དུས་ཀུན་ཏུ་ནི་བྱང་ཆུབ་སེམས་ཀྱང་འགྲོ་བ་དང་ནི་འགྲོ་བར་འདོད་པ་རྣམ་པ་གཉིས་འགྱུར། ཞེས་གསུངས་པ་ལྟར། སྨོན་འཇུག་བྱང་
ཆུབ་མཆོག་ཏུ་སེམས་བསྐྱེད། དབང་བསྐུར་བདུན་པོ་འདི་དག་ནི༎ དཀྱིལ་འཁོར་བཞེངས་ནས་སྦྱིན་པར་བྱ༎ ཞེས་པ་ལྟར་བྱིས་པ་འཇུག་པའི་དབང་བདུན་དང་། མདོར་ན་དབང་བསྐུར་རྣམ་པ་གཉིས་ཀྱང་
བུ་ཡི་ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས་པའོ༎ ཞེས་པ་ལྟར་དབང་གོང་མ་རྣམ་པ་གཉིས་ལེགས་པར་ཐོབ། འོག་མིན་གྱི་མཐར་ཐུག་པའི་འཇིག་རྟེན་གྱི་དངོས་གྲུབ་སྒྲུབ་བྱེད་བསྐྱེད་པའི་རིམ་པ་
ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་ཀྱང་བསགས། ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིང་༎ ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས༎ ཞེས་པ་ལྟར་ལམ་དམན་པ་རྣམས་སྤངས། ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས༎
ལྷན་སྐྱེས་གཞན་དང་འགྲོགས་པ་མིན༎ ཞེས་པ་ལྟར་ཕྱག་རྒྱ་ཆེན་མོའི་ལམ་ལ་བརྟེན་ཏེ། གང་གིས་མཚམས་མེད་པ་ལྔའི་ལས་དང་སོ་སོ་ཐར་པའི་ཕམ་པ་སོགས་ཤིན་ཏུ་མི་བཟད་པའི་སྡིག་པ་ཆེན་པོ་བྱས་