R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 36b
[A:36b]ཙི་ལུ་པ་སློབ་མར་བྱས་པ་ལ་ཡང་འགལ་བ་མེད་དོ༎ བསོད་སྙོམས་པས་དུས་འཁོར་གྱི་སྒྲུབ་ཐབས་སྙིང་པོ་རྒྱན་མཛད་ལ་བསོད་སྙོམས་པའི་སློབ་མ་ལྷོ་ཕྱོགས་ཀྱི་བྲམ་ཟེར་དགེ་སློང་དཱ་རི་ཀ་པ་ཞེས་པས་ཀྱངདབང་རབ་བྱེད་
ཀྱི་འགྲེལ་པ་རྡོ་རྗེའི་ཚིག་འབྱེད་པ་མཛད་དོ༎ ༎ སློབ་དཔོན་དུས་ཞབས་པ་ཆེན་པོ། རིགས་ལྡན་གྱིས་རྗེས་སུ་བཟུང་བས་འཕགས་པའི་ཡུལ་ཀུན་ཏུ་བྱང་ཆུབ་སེམས་དཔའི་ཆོས་སྐོར་དར་བར་མཛད་པ་སློབ་དཔོན་དུས་འཁོར་
ཞབས་ཆེན་པོ་ནི། རྒྱ་གར་ཤར་ཕྱོགས་བ་རེནྡྲར། ཡབ་གཤིན་རྗེ་གཤེད་ནག་པོའི་རྣལ་འབྱོར་བ་བྲམ་ཟེ་བདེ་བྱེད་དང་། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་པདྨ་ཅན་གཉིས་ཀྱིས་གཤིན་རྗེ་གཤེད་ཀྱི་རྒྱུད་
ལས་ཇི་ལྟར་འབྱུང་བ་བཞིན་རིགས་ཀྱི་སྲས་བསྐྲུན་པའི་ཆོ་ག་བྱས་པས། ཡབ་ཀྱི་རྨི་ལམ་དུ་ཡུམ་གྱི་ལྟོ་བར་འཕགས་པ་འཇམ་དཔལ་བཞུགས་པ་རྨིས། བཀྲ་ཤིས་པའི་དགེ་མཚན་དང་བཅས་ཏེ་འཁྲུངས།
འཕགས་པ་འཇམ་དཔལ་གྱིས་བྱིན་གྱིས་བརླབས་པས་བློ་རྣོ་བ་དབང་པོ་གསལ་བ་ཞིག་བྱུང་། ཆུང་ངུ་ལ་རབ་ཏུ་བྱུང་སྟེ་རིག་པའི་གནས་མ་ལུས་པ་ཚེགས་མེད་པར་མཁྱེན་ནས་པཎྜི་ཏར་གྱུར་པས་འདི་ལ་ཡང་
ཙི་ལུ་པ་ཟེར། པཎྜི་ཨཱ་ཙརྱ་ལས་དུས་ཀྱི་འཁོར་ལོ་གསན། དེས་ཀྱང་ཐུགས་མ་ཚིམ་པར་སྔོན་གྱི་སྨོན་ལམ་སད་པའི་མཐུས། ཅི་ནས་ཀྱང་ཤམྦྷ་ལར་འགྲོ་སྙམ་པའི་འདུན་པ་དྲག་པོ་སྐྱེས་ཏེ་ཐུགས་