R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 44a
[A:44a]མོ་ཡིན་ཁྱོད་དང་དགའ་མགུར་སྤྱད་པའི་ཆེད་དུ་འདིར་འོངས་ཟེར་བ་དང་། བདག་བྲམ་ཟེ་ཡིན་ན་ཁྱོད་དང་རེག་པར་ཡང་མི་རུང་ངོ་ཞེས་སྨྲས་པས། ཁྱོད་ཀྱིས་སྐྱེ་བ་མང་པོར་ང་ལ་
བསྙེན་བཀུར་བྱས་པས་འདིར་འོངས་པ་ཡིིན། ངའི་ཁ་ལ་ཉན་ན་ཡུལ་འདིར་མ་འདུག་པར་སངས་རྒྱས་པ་གྱིས་ལ་དབང་བསྐུར་ཞུས། མ་ག་དྷར་སོང་ཞིག་ཟེར་ནས་མི་སྣང་བར་གྱུར་ཏོ༎ དེ་མི་མ་ཡིན་པར་
རིག་སྟེ་ཡུལ་དེའི་ནང་པའི་པཎྜི་ཏ་གཅིག་ལ་འདི་ལྟར་བྱུང་ཞེས་སྨྲས་པས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་པར་འདུག་པས་སྐལ་པ་བཟང་པོ་ཡིན། དེའི་བཀའ་བཞིན་གྱིས་ཟེར་བས་འཁོར་དང་ལོངས་
སྤྱོད་སྤངས་ཏེ་རྒྱ་གར་ཤར་ཕྱོགས་བྷངྒ་ལར་བྱོན་ནས་དགེ་ཚུལ་མཛད། དེ་ན་གྲུབ་ཐོབ་མང་དུ་བཞུགས་པ་ལ་དབང་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་གསན། བི་ཀྲ་མ་པུ་རིར་བསྒོམ་ཞིང་བཞུགས་པས་ཡང་བུད་མེད་མཛེས་
མ་ཞིག་ཤ་ཁྲག་དམར་ཚར་རེ་བ་ཁྱེར་ཏེ་བྱུང་ནས་བདག་གདོལ་པ་མོ་ཡིན་འདི་ལ་ལོངས་སྤྱོད་ཅིག་ཟེར་བས་བདག་རབ་ཏུ་བྱུང་ནས་དེ་ལྟ་བུ་བྱར་ག་ལ་རུང་བྱས་པས་ཁྱོད་འདིར་མ་འདུག་པར་མ་ག་དྷར་སོང་ཞིག་ཟེར་
ཏེ་མི་སྣང་བར་གྱུར་ཏོ༎ དེ་ནས་མ་ག་དྷར་བྱོན་ཏེ་ཨ་ནུ་པ་མ་ཤཱི་ལ་སོགས་པ་བི་ཀྲ་མ་ཤཱི་ལའི་པཎྜི་ཏ་མང་པོ་ལ་རིག་པའི་གནས་ལྔ་དང་གསང་སྔགས་མང་དུ་གསན། དེ་ནས་སཽ་རིར་བྱོན་ཏེ་མཁན་པོ་རཏྣ་ཀ་ར་