R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 46a
[A:46a]ཕྱོགས་གཅིག་ཏུ་དྲིལ་བ་རྡོ་རྗེ་ཕྲེང་བ། དེ་དག་གི་མངོན་པར་རྟོགས་པ་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བ་དང་། སྦྱིན་བསྲེག་གི་ཆོ་ག་འོད་ཀྱི་སྙེ་མ་གཉིས་དེའི་ཆ་ལག་ཏུ་མཛད། གཞན་
ཡང་རྒྱུད་སྡེ་དུ་མའི་བརྒལ་ལན་དང་། རབ་གནས་དང་བྱང་ཆུབ་གཞུང་ལམ་ལ་སོགས་པ་ལས་དང་པོ་པའི་བྱ་བའི་རིམ་པ་སྟོན་པའི་གཞུང་ཆེ་ཆུང་སོགས་དང་། འཇམ་དཔལ་ལ་སོགས་པའི་སྒྲུབ་ཐབས་མང་པོ་
རྣམས་གཅིག་ཏུ་སྡོམ་པ་སྒྲུབ་ཐབས་བསྡུས་པའམ། སྒྲུབ་ཐབས་རྒྱ་མཚོར་གྲགས་པ་མཛད། མི་འཇིགས་པའི་གཞུང་འགྲེལ་ནི། རྒྱལ་པོ་ར་མ་པཱ་ལས་རྒྱལ་སྲིད་བཟུང་ནས་ལོ་ཉེར་ལྔ་ལོན་པ་ན་མཛད་པ་
ཡིན་ཏེ། རྣམ་གནོན་ཚུལ་མཁས་འཇིགས་མེད་ཀྱིས༎ གནད་ལ་རེག་པའི་ཚིག་འདི་ནི༎ དགའ་བ་སྐྱོང་གི་རྒྱལ་སྲིད་ལོ༎ ཉི་ཤུ་རྩ་ལྔ་པ་ལ་བྱས༎ ཞེས་འབྱུང་བས་སོ༎ མན་ངག་སྙེ་མ་ནི། ཤླཽ་ཀ་རྐང་བ་
གསུམ་གོང་དང་འདྲ་བ་ལས། སུམ་ཅུ་རྩ་བདུན་པ་ལ་བྱས༎ ཞེས་འབྱུང་ངོ་༎ དུས་འཁོར་ལ་འཇུག་པ་ནི་འདས་ལོ་མེ་རོ་ཆུ་གཏེར་བྱུང་བས་དེའི་ཚེ་མཛད་ལ་རཏྣ་རཀྵི་ཏ་ནི་རྩ་ཞེ་ལྔ་བསྲེ་དགོས་ཞེས་སོ༎ དགུང་ལོ་
བརྒྱ་ཉི་ཤུ་རྩ་གཅིག་གི་བར་དུ་ཐུབ་པའི་བསྟན་པ་རྒྱས་པར་སྤེལ་ཞིང་འགྲོ་བའི་དོན་མཛད་ནས་འོད་གསལ་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་ཏེ་བར་དོར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་གྲུབ་པོ༎ སློབ་མའི་