R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 47a
[A:47a]རྒྱ་གར་ཤར་ནུབ་ཀུན་ཏུ་མཁས་པར་གྲགས་ཤིང་གྲུབ་པ་བརྙེས། པཎྜི་ཏའི་སློབ་མ་མང་དུ་ཐོན། དགུང་ལོ་གོ་གསུམ་པ་ལ་གཤེགས་སོ༎ ༎ བི་ཁྱཱ་ཏ་དེ་བ།
བི་ཁྱཱ་ཏ་དེ་བ་ནི། ཆོས་འབྱུང་ཞི་བ་དང་ཨ་བྷ་ཡ་བསྟེན་ནས་དུས་འཁོར་ལ་ཤིན་ཏུ་མཁས། གྲུབ་པ་བརྙེས་ནས་རྡོ་རྗེ་གདན་གྱི་མཁན་པོ་མཛད་དོ༎ དེའི་སློབ་མ་པཎ་ཆེན་ཤཱཀྱ་ཤྲཱི་ནི། ཁ་ཆེའི་
གྲོང་ཁྱེར་གྲིབ་བརྟན་ཞེས་པ་གྲོང་འབུམ་ཕྲག་སུམ་ཅུ་རྩ་བཞི་ཡོད་པའི་གྲོང་བྲ་ཝ་ར་པུ་ར་ཞེས་པར། ཡབ་ཚོང་དཔོན་སྲིད་བརྟན་དང་། ཡུམ་སུམྦྷ་ཀའི་སྲས་སུ་མེ་མོ་ལུག་ལ་འཁྲུངས། མཚན་ཛ་ཤོ་དྷ་ར་
གྲགས་འཛིན་དུ་བཏགས། དགུང་ལོ་བཅུ་པ་ལ་བྲམ་ཟེ་ལཀྵྨིཾ་དྷ་ར་ལ་སྒྲ་སྙན་གསོ་དཔྱད་བསླབས། རཏྣ་ཤྲཱི་དང་། ལ་ལི་ཏ་ཧྲྀ་ད་ལ་སྒྲ་ཚད་སྡེ་སྣོད་གསུམ་གསང་སྔགས་ཕྱི་ནང་གསན། རྒོལ་བ་མང་པོ་
ཚར་བཅད་པས་རྒྱལ་པོས་དབུ་ལ་ཅོད་པན་བཅིངས་ཏེ་བསྔགས་པ་བརྗོད། ཉེར་གསུམ་པ་ལ་མཁན་པོ་སུ་ཁ་ཤྲཱི་དྷ་ར་ལས་རབ་ཏུ་བྱུང་། མཚན་ཤཱཀྱ་ཤྲཱི་བྷ་དྲ་ཞེས་བཏགས། དེའི་ཚེ་མནལ་ལམ་དུ་བྱང་
ཆུབ་ཀྱི་ཤིང་སྤུངས་ཀྱིས་བྱུང་བ་དང་། དགའ་ལྡན་ནས་བྱམས་པའི་ཕྱག་བརྐྱང་བ་སྤྱི་བོར་བཞག་ནས། བུ་ཁྱོད་ཤར་ཕྱོགས་སུ་སོང་ལ་རིག་པ་ཚར་བར་གྱིས་ཞེས་ལུང་བསྟན། གྲོགས་གཅིག་གི་འཚོ་བ་