དེ་ན་དཔྱལ་ཆོས་ཀྱི་བཟང་པོའི་དྲུང་དུ་བྱོན་ནས་རྒྱ་ཡིག་རྒྱ་ཀློག་ལ་སོགས་པ་དང་། ཁྱད་པར་དུ་ཀྱེའི་རྡོ་རྗེ་དང་། ཕག་མོ་ལ་སྦྱངས་པ་མཛད་ཅིང་། ནཱ་རོ་འགྲེལ་ཆེན་གདམས་ངག་དང་བཅས་པའང་གསན་ནོ།། གཞན་ཡང་གཤིན་རྗེ་གཤེད་དམར་པོའི་དབང་། ཆོས་སྐོར་རྣམས་ཀྱང་ཞུས་སོ།། ཆོས་རྗེ་ས་སྐྱ་པཎྜི་ཏ་ལ་ཡང་། ནག་པོ་པའི་དབང་། སྒྲུབ་སྐོར། རྣམ་འཇོམས། ཨ་ར་པ་ཙ་ནའི་དབང་། སྒྲུབ་སྐོར་དང་བཅས་པ་རྣམས་ཀྱང་ཞུས་ཤིང་། འཕགས་པ་རིན་པོ་ཆེ་ལ་ཡང་། དྲིལ་བུ་པ་དང་། མ་ཧཱ་མ་ཡའི་དབང་ཆོས་སྐོར་ལ་སོགས་པ་རྣམས་གསན་ལ། པཎྜི་ཏ་བི་བྷཱུ་ཏི་ཙནྡྲ་དང་། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། དཔྱལ་ཨ་མོ་གྷ། མཁན་པོ་ཕག སློབ་དཔོན་དྷརྨ་གཟུངས། འབུམ་པ་འོད་ཤེ། མཚོ་ཡངས་པ་གཉན་དྷརྨ་རྒྱལ་མཚན། སྲིན་པོ་རི་པ་མཁན་པོ་འཇམ། མཁན་པོ་སེངྒེ་ཟིལ་གནོན། ཡར་འབྲོག་པ་གཉན་སྟོན་ལ་སོགས་པ་བསྟེན་ཏེ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱིས་ཕྱུག་པར་གྱུར་ནས། གྲུབ་པའི་དབང་ཕྱུག་མན་ལུང་གུ་རུ་དང་། ལ་སྟོད་ཆོས་ལྡན་དང་། ལྷོ་པ་གྲུབ་སེང་དང་། དབུས་པ་ཚུལ་དར་ལ་སོགས་པའི་དུས་འཁོར་ལ་མཁས་པའི་སློབ་མ་མང་པོ་ཡང་བྱུང་ཞིང་། འཕགས་པ་རིན་པོ་ཆེ་དང་། མཁན་ཆེན་ཁྲོ་ཕུ་པ་ལ་སོགས་པ་སྐྱེས་བུ་དམ་པའི་སློབ་མ་མང་པོ་ཡང་སྨིན་པར་མཛད་ནས། དགུང་ལོ་བརྒྱད་ཅུ་པ་ལ་བདེ་བར་གཤེགས་སོ།།
བླ་མ་ཤེས་རབ་སེངྒེ།
དེ་ཉིད་ཀྱིས་སྲས་བླ་མ་ཤེས་རབ་སེངྒེ་པ་ལ་གསུངས་ཏེ། དེ་ཡང་གཞོན་ནུའི་དུས་ནས་འབྲི་ཀློག་ཚར་ཏེ། དུས་འཁོར་ལ་སློབ་གཉེར་མཛད་ནས། དགུང་ལོ་བཅུ་དྲུག་པ་ལ་གསུངས། ཉི་ཤུ་པ་ལ་ཐར་པར་བྱོན་ནས་དཔྱལ་པའི་ཆོས་རྣམས་ཞུས། ཉི་ཤུ་རྩ་གཉིས་པ་ལ། སྟག་སྡེེ་པ་སེངྒེ་རྒྱལ་མཚན་གྱི་དྲུང་དུ་བྱོན་ཏེ། ཕར་ཚད་ལ་སྦྱངས་པ་ལོ་ལྔའི་བར་དུ་མཛད་ནས་མཁས་པར་མཛད་དེ་གྲྭ་སྐོར་ཡང་མཛད་དོ།། སུམ་བཅུ་པ་ལ་འཕགས་པ་རིན་པོ་ཆེ་དང་། མཁན་ཆེན་མཆིམས་པའི་དྲུང་དུ་རབ་ཏུ་བྱུང་སྟེ། བསྙེན་པར་རྫོགས་ནས་ཆོས་ཀྱང་མང་དུ་ཞུས། ལོ་ཙཱ་པ་གྲགས་པ་རྒྱལ་མཚན་ལ་ཡང་། ཕྲེང་བ་སྐོར་གསུམ་དང་། འཇམ་དཔལ་རྩ་རྒྱུད། སྨན་དཔྱད་ཡན་ལག་བརྒྱད་པ་ལ་སོགས་པ་གསན། དགུང་ལོ་བཞི་བཅུ་རྩ་གཅིག་པ་ལ་ཤངས་འབར་བཏབ་ནས། གཙུག་ལག་ཁང་བཞེངས་ཤིང་རྒྱུད་འབུམ་དང་འདུལ་བ་ལུང་ཡང་བཞེངས། བླ་མ་ཆེན་པོ་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་སྐུ་མཆེད་རྣམས་ཀྱིས་ཐོག་དྲངས་པའི་ཆེན་པོ་དུ་མ་དང་། འཇིག་རྟེན་གྱི་མིག་དམ་པ། དཔང་དཔལ་ལྡན་བློ་གྲོས་བརྟན་པ་དང་། བླ་མ་དམ་པ་དཔལ་ལྡན་སེངྒེ་པ་དང་། སྐྱི་སྟོན་གྲགས་པ་རྒྱལ་མཚན་གྱིས་དབུ་མཛད། མཁས་པ་དང་བཟང་བ་དང་བཙུན་པའི་སློབ་མ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ནས། དྲུག་ཅུ་རྩ་ལྔ་པ་ལ་བདེ་བར་གཤེགས་སོ།། རོང་པ་ཡབ་སྲས་འདི་གཉིས་ཀྱིས་དུས་ཀྱི་འཁོར་ལོའི་བཤད་སྲོལ་ཤིན་ཏུ་དར་བར་མཛད་པ་ཡིན་ནོ།།
སྐྱི་སྟོན་འཇམ་པའི་དབྱངས།
དེ་ཉིད་ལ་ཕར་ཚད་མངོན་སུམ་ལ་སོགས་པ་མཚན་ཉིད་ཀྱི་ཕྱོགས་ལ་ཤིན་ཏུ་མཁས་པར་གྲགས་ཤིང་། གསང་སྔགས་རྡོ་རྗེ་ཐེག་པའང་རྒྱ་ཆེར་གསན་པ་སྐྱི་སྟོན་འཇམ་པའི་དབྱངས་གྲགས་པ་རྒྱལ་མཚན་གྱིས་གསན་ལ།
ཆོས་རྗེ་ཀུན་མཁྱེན་ཆེན་པོ།
དེ་ཉིད་ལ་ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་གསན་པ་ཡིན་ཏེ། དེའང་དོལ་པོར་སྐུ་འཁྲུངས་ནས་གཞོན་ནུ་ལ་རབ་ཏུ་བྱུང་སྟེ། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་བྱོན་ཞིང་སྡེ་སྣོད་འཛིན་པ་ཆེན་པོ་སྐྱི་སྟོན་ཤཱཀ་འབུམ་དང་། སྐྱི་སྟོན་འཇམ་པའི་དབྱངས་ཁུ་དབོན་གཉིས་ལ་ཆོས་གསན་ནས་མངོན་པ་གོང་འོག་གཉིས། མངོན་པར་རྟོགས་པའི་རྒྱན། ཚད་མ་རྣམ་འགྲེལ་དང་། རྣམ་ངེས་རྣམས་དུས་གཅིག་ལ་བཤད་པར་མཛད་དེ། ཆོས་ཁྲི་ཐང་གི་སྒོ་སྟེང་ནས་གསུངས་པས་སྐྱེ་བོ་དུ་མ་ངོ་མཚར་བར་མཛད་པ་ཡིན་ནོ།། དེ་རྗེས་ཀྱང་མཚན་ཉིད་ཐེག་པ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྐོར་ཁུ་དབོན་གཉིས་ལ་མངའ་བ་ཐམས་ཅད་རྫོགས་པར་ཞུས་ཤིང་། ཤིན་ཏུ་མཁས་པ་མཁྱེན་པར་མཛད་དེ། ཆོས་རྗེ་ཡོན་ཏན་རྒྱ་མཚོ་པའི་དྲུང་དུ་བྱོན་ནས་སེམས་འགྲེལ་སྐོར་གསུམ་གྱི་དབང་། གདམས་ངག་ལ་སོགས་པ་རྫོགས་པར་ཞུས་ཤིང་།