གཞན་ཡང་བླ་མ་དམ་པ་དུ་མ་བསྟེན་ནས། ཆོས་ཀྱི་རྗེ། ཆོས་ཀྱི་མངའ་བདག་ཆེན་པོར་གྱུར་ཏེ། བླ་མ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཁུ་དབོན་ལ་སོགས་པ་ཆེན་པོ་དུ་མའི་བླ་མར་གྱུར་ཅིང་། མཁས་པ་དུ་མ་དང་། སྒྲུབ་པ་ཕོ་མོ་ཕུལ་དུ་བྱུང་བ་དུ་མ་དང་། གཞན་ཡང་སྐྱེ་བོ་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད་ལ། བསྟན་པའི་སྙིང་པོ་དར་རྒྱས་སུ་མཛད་ཅིང་། མཆོད་རྟེན་ཆེན་པོ་འཛམ་གླིང་རྒྱན་ཡང་བཞེངས་ལ། འགྲོ་བ་དུ་མ་དགེ་བ་ལ་འགོད་ཅིང་བཞུགས་པ་འདི་ཉིད་ཡིན་ནོ།། ཆོས་ཀྱི་རྗེ་འདི་ཉིད་སྔ་མོ་ནས་རིང་བར་ཁོ་བོས་བསྟེན་ནས། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་པོ། བཤད་པ་ཞིབ་པར་མཛད་པ་ཡོངས་སུ་རྫོགས་པ་ཚར་བཞི་དང་། གཞན་ཡང་བཀའ་དང་བསྟན་བཅོས། དབང་དང་གདམས་ངག་མང་པོ་ཞུས་ཤིང་། ངེས་པའི་དོན་གྱི་བཀའ་དང་བསྟན་བཅོས་ཀྱི་དོན་ཚུལ་བཞིན་དུ་རྟོགས་པ་ནི་རྗེ་བཙུན་འདི་ཉིད་ཀྱི་བཀའ་དྲིན་ཁོ་ན་ཡིན་ནོ།། །།
(3) བརྒྱུད་ལུགས་གཞན།
དུས་ཀྱི་འཁོར་ལོའི་བརྒྱུད་ལུགས་གཞན་ནི། དུས་འཁོར་ཞབས་པའི་སློབ་མ་ཤྲཱི་བྷ་དྲ་བོ་དྷིས། གྱི་ཇོ་ཟླ་བའི་འོད་ཟེར་ལ་གནང་ཞིང་། དེ་ཉིད་ཀྱིས་གཞི་འགྱུར་ཡང་མཛད་ནས། ལོང་ཆུང་རྣམས་ཀྱི་ཐོག་དྲངས་པ་ལ་བཤད་པ་ཡང་ཡུན་རིང་དུ་མཛད་ཅིང་། ལོ་ཆུང་རྣམས་ཀྱིས་ཀྱང་བགོས་ནས་འགྱུར་མངས་སུ་གྲགས་པ་ཡང་བསྒྱུར། བཤད་བཀའ་ཡང་ཡུན་རིང་དུ་བསྐྱངས་ཞེས་གྲགས་ཤིང་། བསྒྱུར་ཟིན་གྱི་གླེགས་བམ་མཐོང་མོད་ཀྱི། དེ་ནས་བརྒྱུད་པའི་བཀའ་ཁོ་བོས་མ་རྙེད་དོ།། དཱ་ན་ཤྲཱིའི་སློབ་མ་རྨ་དགེ་བའི་བློ་གྲོས་ཀྱིས་ཀྱང་། གྱི་ཇོའི་འགྱུར་གྱི་སྟེང་ནས་འགྱུར་བཅོས་མཛད་པའི་གླེགས་བམ་མཐོང་མོད་ཀྱི། དེ་ལ་བརྒྱུད་པ་འདེད་པ་ནི་མ་རྙེད་དོ།། མང་འོར་བྱང་ཆུབ་ཤེས་རབ་དང་། བློ་གྲོས་སྙིང་པོ་དང་། བསོད་ནམས་ཡེ་ཤེས་དང་། འ་ཞ་རྒྱ་གར་བརྩེགས་རྣམས་ཀྱིས་བསྒྱུར་བ་ཡང་མཐོང་མོད་ཀྱི། དེ་རྣམས་ཀྱིའང་བཤད་བཀའ་ནི་མི་སྣང་ངོ་།། ཙ་མི་སངས་རྒྱས་གྲགས་པ་ནི། མེ་ཉག་འགའི་ཡུལ་དུ་སྐུ་འཁྲུངས་ཤིང་། གཞོན་ནུ་ལ་རྒྱ་གར་དུ་བྱོན་ནས། པཎྜི་ཏ་དུ་མ་བསྟེན་ཅིང་མཁས་པར་གྱུར་ནས། རྡོ་རྗེ་གདན་གྱི་ཡང་རིང་ལུགས་པ་མཛད། དུས་འཁོར་འགྲེལ་ཆེན་བོད་སྐད་དུ་བྲིས་ཤིང་། རྒྱུད་རི་ལི་ཆོས་ཀྱི་གྲགས་པས་བསྒྱུར་ནས། རྒ་ལོ་དང་། འགའ་རོད་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས། རོང་རླིངས་ལོ་ཙཱ་བ། ར་བྱིད་ལོ་ཙཱ་བ། སེ་ལོ་ཙཱ་བ་ལ་སོགས་པ་མང་པོ་ལ་གསུངས་མོད་ཀྱི། སྔ་མ་བཞི་པོ་ནས་བརྒྱུད་པ་འདེད་པ་ནི་མ་རྙེད་ལ། སེ་ལོ་ཙཱ་བས་གཉོས་འོད་མ་ལ་གསུངས་ཤིང་། དེ་ཉིད་ཀྱིས་གྲུབ་ཐོབ་ཏུ་གྲགས་པའི་ཨུ་རྒྱན་པ་རིན་ཆེན་དཔལ་ལ་གསུངས་ནས། དབང་འཁྲིད་བཤད་བཀའ་རྣམས་ཀྱང་ཡུན་རིང་དུ་བསྐྱངས་ཤིང་། སྒྲུབ་ཐབས་དང་དབང་ཆོག་དང་བཅུད་ལེན་དང་། རླུང་སྦྱོར་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་མཛད་དོ།། དེ་ཉིད་ལ་ཁྱོག་པའི་ཡོན་ཏན་བྱང་ཆུབ་ཀྱིས་ཞུས། དེ་ལ་ཆོས་རྗེ་ཀུན་སྤངས་ཆེན་པོ་ཞང་གིས་ཞུས་ཤིང་། ཆོས་རྗེ་ལ་ཁོ་བོ་ཅག་གི་བླ་མ་དམ་པ་ཡོན་ཏན་རྒྱ་མཚོ་བས་ཞུས་ལ། ཁོ་བོས་དེ་ཉིད་ལས་ཐོབ་པ་ཡིན་ནོ།། ཤོང་འགྱུར་ནི། ལ་སྟོད་ལྷོའི་སྤྱད་ལུངས་ཤར་ཀའི་བོང་ར་ཞེས་པར་སྐུ་འཁྲུངས་པ། ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ཞེས་གྲགས་པ་དེ་ཉིད་གཞོན་ནུ་ལ་རབ་བྱུང་མཛད་ནས། བླ་མ་གོ་ལུང་པ་ཆེན་པོ་མདོ་སྡེ་དཔལ་རྒྱལ་མཚན་གྱི་དྲུང་དུ་བསྙེན་ཏེ། རྒྱུད་སྡེ་དུ་མ་དང་རྡོ་རྗེ་ཕྲེང་བ་སྐོར་གསུམ་ལ་སོགས་པ་མང་དུ་ཞུས་ཤིང་། གར་དང་། ཐིག་དང་། ལྔ་བསྡུས་དང་། གཟའ་ལྔ་དང་། གཡུལ་རྒྱལ་ལ་སོགས་པ་རྩིས་ཀྱི་གཙུག་ལག་དུ་མའང་བསླབས་ནས་བྱང་བར་མཛད་དེ། གཟའ་རྣམས་གསལ་བར་བྱེད་པའི་སྒྲོན་མ་ལ་སོགས་པ་རྨད་དུ་བྱུང་བའི་རྩིས་ཀྱི་བསྟན་བཅོས་དུ་མའང་མཛད་ནས། སྟག་སྡེ་པ་སེངྒེ་རྒྱལ་མཚན་ཞེས་པ། ཕ་རི་ལུང་དུ་སྐུ་འཁྲུངས་ཤིང་། ཆོས་རྗེ་མངོན་གྲྭ་པ་ལས་ཕར་ཚད་མངོན་སུམ་དང་། དུས་འཁོར་འབྲོ་འགྱུར་གསན་ནས་མཁས་པར་གྲགས་པ་དེ་ཉིད་ཀྱི་དྲུང་དུ་ཚ་སྣར་བྱོན་ཏེ། ཕར་ཚད་མངོན་སུམ་དང་། བོད་བསྡུས་ལ་སོགས་པ་རྣམས་ལ་མཁས་པར་མཛད་དེ། དཔལ་དུས་ཀྱི་འཁོར་ལོའི་དབང་ཞུ་བའི་ཡོན་ལ།