R1180: སེམས་འགྲེལ་བསྐོར་གསུམ་གྱི་བླ་མའི་རྒྱུད་རིམ་གསལ་བ།

  • Pagination (Witness A): [-]
དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་འབྲོ་འགྱུར་གྱི་གླེགས་བམ་ ན། བླ་ན་མེད་པའི་རྒྱུད་མཆོག་འདི། །གནས་པོ་མེད་པའི་བྲག་ཕུག་ཏུ། །གཡོག་པོ་མེད་པའི་ཤོང་སྟོན་གྱིས། །དུབ་པ་མེད་པའི་རྩོལ་བས་བྲིས། །ཞེས་པ་ལ་སོགས་པའང་སྣང་ངོ་།། གཅིག་དང་། སྤྱན་རས་གཟིགས་ཀྱིས་མཛད་པར་བཏགས་པའི་མཚན་བརྗོད་འགྲེལ་པ་དང་། འབྲོ་པའི་གསུང་སྒྲོས་རྒྱས་པ་འོད་ཟེར་ཕྲེང་བ་དང་། དྲི་མེད་རྒྱན་ལ་སོགས་པ་ཤོག་དེབ་བཞི་བཅུ་ཙམ་ཕུད་བུ་ལུང་དང་། བྲག་ཆུང་གི་བྲག་ཕུག་ཏུ་ཕྱག་རིས་སུ་མཛད་དེ་ཕུལ་ཞིང་། དབང་བཅུ་གཉིས་ཡོངས་སུ་རྫོགས་པ་དང་། གདམས་ངག་ཀྱང་ཞུས་ཏེ་དུས་འཁོར་རྒྱུད་འགྲེལ་འབྲོ་འགྱུར་ཡོངས་སུ་རྫོགས་པར་གསན་ནོ།། དེ་ནས་འགྲོ་བའི་མགོན་པོ་འཕགས་པ་གདན་སར་སྔ་མ་རེས་ཕེབས་པའི་དྲུང་དུ་བྱོན་ཏེ། བསྟོད་པའི་ཚིགས་སུ་བཅད་པ་སྤེལ་ལེགས་པ་ཕུལ་ནས། ལོ་ཙཱ་སློབ་ཏུ་འགྲོ་བས་བརྫང་བར་ཞུ་ཞེས་ཞུས་པ་ལ། བླ་མ་དམ་པའི་ཞལ་ནས། དེ་ལྟ་བུའི་བློ་སྐྱེ་བ་བཟང་། གཞུང་ལུགས་སར་པ་འགྱུར་བའི་ནུས་པ་འོང་བ་དཀའ་སྟེ། པཎྜི་ཏ་ལ་སློབ་གཉེར་དང་དྲི་གཏུགས་ལེགས་པར་གྱིས་ཤིག ཁོ་བོས་ཀྱང་ཆོས་ཀྱི་རྗེ་བསྟེན་ཡུན་ཐུང་པས། རྗེ་ཉིད་ཀྱིས་མཛད་པའི་སྡེབ་སྦྱོར་མེ་ཏོག་གི་ཆུན་བུ་དང་། ཚིག་གི་གཏེར་ལ་སོགས་པ་ཡང་ཚུལ་བཞིན་དུ་མི་ཤོད་པར་སྣང་བས། འདི་དག་ཤེས་པ་ཅིག་ཅི་ནས་ཀྱང་གྱིས་ལ་ཤོག་ཅིག་ཅེས་གསུངས་ནས། དེ་དག་གི་དཔེ་དང་། གསེར་སྲང་ལྔ། དར་ཡུག་བཅུ་རྣམས་གནང་སྟེ། རྟེན་འབྲེལ་ཡོད་པས་དོ་ནུབ་རྗེ་བཙུན་གོང་མའི་གཟིམས་ཁང་། དཔེ་ཁང་དུ་ཉོལ་ལ་སོང་ཞིག་ཅེས་གསུངས་ནས་བརྫངས་སོ།། ཤོང་བའི་ཐུགས་དགོངས་ལ་སྐྱེ་བས་ཐོབ་པའི་བློ་གྲོས་ནི་ཕུན་སུམ་ཚོགས། སྦྱོར་བས་བྱུང་བའི་ནན་ཏན་ནི་མཆོག་ཏུ་གྱུར་ན་ལེགས་བཤད་སར་པ་མང་དུ་ཅི་སྟེ་བསྒྱུར་བར་མི་ནུས་སྙམ་དུ་དགོངས་ཏེ། བླ་མ་དམ་པའི་གཟིམ་གཡོག་པ་མདོ་སྨད་པ་བློ་གྲོས་རྒྱལ་པོ་དང་འགྲོགས་ཏེ། བལ་ཡུལ་དུ་བྱོན་ནས་པཎྜི་ཏ་ཆེན་པོ་མ་ཧེན་དྲ་བྷ་དྲ ས་དབང་བཟང་པོ འི་དྲུང་དུ་རིག་པའི་གནས་ཆུང་བ་ལྔ་ སྒྲ། སྙན་ངག །སྡེབ་སྦྱོར། ཟློས་གར། མངོན་བརྗོད་སྟེ་ བསླབས་ཤིང་། ཁྱད་པར་སྒྲ་རིག་པ་ལ་ཤིན་ཏུ་བྱང་བར་མཛད་ནས་གདན་ས་ཆེན་པོར་བྱོན་ཏེ། བླ་མ་དམ་པའི་བཀའ་བཞིན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་ཤིན་ཏུ་རྣམ་པར་དག་པའི་འགྱུར་མཛད་ནས། སླར་ཡང་རྡོ་རྗེ་གདན་དུ། མ་ཧཱ་བོ་དྷི་མཆོད་པ་དང་། བསྐོར་བ་ལ་བྱོན་ཏེ། པཎྜི་ཏ་ཆེན་པོ་ལཀྵྨཱི་ཀ་ར་སྤྱན་དྲངས་ནས། བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་དང་། ཀླུ་རྣམས་ཀུན་ཏུ་དགའ་བར་བྱེད་པའི་ཟློས་གར་དང་། སྙན་ངག་མེ་ལོང་དང་། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ་དང་། འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྲྀཏྟ་མཱ་ལའི་བསྟོད་དང་། ཙནྡྲ་པའི་མདོ་ལ་སོགས་པ་སྔོན་གངས་ཅན་དུ་མ་འགྱུར་བ་རྣམས་སར་དུ་བསྒྱུར་ཞིང་། ཨ་མ་ར་ཀོ་ཥ་ལ་སོགས་པ་ཡང་མཆན་བུས་གསལ་བར་མཛད་ནས། རིག་པའི་གནས་འདི་དག་ཤིན་ཏུ་རྒྱས་པར་མཛད་དོ།། འཕགས་པ་རིན་པོ་ཆེས་ཀྱང་། སྡེ་སྣོད་འཛིན་པ་ཤོང་གི་ལོ་ཙཱ་བའི་སྙན་དུ་གསོལ་པ། ཞེས་པའི་ཕྲིན་ཡིག་མཛད་པ་ན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་རྒྱ་ཆེ་ལ་ཟབ་ཅིང་གཏིང་དཔག་པར་དཀའ་ལ་ཚིག་བརླིང་ཞིང་། སྡེབ་སྦྱོར་བྱིངས་ཆེ་བས། ཆེན་པོ་རྣམས་ཀྱིས་ཀྱང་ཉམས་སུ་བདེ་བར་ལོན་དཀའ་བས། སྔོན་བྱུང་བའི་ལོ་ཙཱ་བ་དག་གིས་ཀྱང་མ་འགྱུར་བ་དང་། ལོག་པ་དང་། རྣམ་གྲངས་གཞན་དང་། ཕྱོགས་རེ་བ་དང་། ཐལ་བར་བསྒྱུར་བ་ལ་སོགས་པ་དེ་དག་ཁྱེད་ཀྱིས་ལེགས་པར་ཁོང་དུ་ཆུད་ཅིང་། མཐའ་གཅིག་ཏུ་ངེས་ཏེ། ཞུ་ཆེན་མཛད་པའི་གླེགས་བམ་དང་། ཀླུ་རྣམས་རབ་ཏུ་དགའ་བར་བྱེད་པའི་ཟློས་གར་མཐོང་བས། དགའ་བ་དང་རྗེས་སུ་ཡི་རང་བ་ཁྱད་པར་ཅན་སྐྱེས། ཞེས་པ་ལ་སོགས་པས་རབ་ཏུ་བསྔགས་ཤིང་། སྒྲ་བསྒྱུར་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པ་ཡིན་ནོ།། འདི་ཉིད་ཀྱིས་བསྒྱུར་བའི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པའི་འགྱུར་སྟན། མཁས་པའི་དབང་པོ་དེ་ཉིད་ཀྱིས་ཕྱག་རིས་སུ་མཛད་པའི་གླེགས་བམ་ཡང་ཁོ་བོའི་ལག་ཏུ་བྱུང་ཞིང་བཞུགས་སོ།།