གྲོགས་ཅིག་གིས་དགུན་ཅི་བྱེད་ཅེས་འདྲི་བ་ལ། མཚམས་བྱས་ནས་སྔགས་ཀྱི་དཔེ་འདྲ་འབྲི་གསུངས་པས། འོ་ན་ཁོ་རེ་བྱན་ལག་ཚང་ན། རྡོ་རྗེ་སྙིང་པོས་མཛད་པའི་ཀྱེའི་རྡོ་རྗེའི་འགྲེལ་པའི་དཔེ་འདུག་ཟེར་བས་དེ་འདྲིའམ་ཞེས་ཟེར་བ་ཐོས་པས། སྔོན་གྱི་བག་ཆགས་སད་དེ་དད་པས་སྤུ་ཟིང་གྱུར་ཏོ།། དཔེ་དེ་གཡར་དུ་ཁུགས་སམ་ཞེས་དྲིས་པས། ཁུགས་སོ་ཞེས་ཟེར་ནས་གཡར་ཏེ་འདྲི་ཞིང་གཟིགས་པས། ཤིན་ཏུ་དད་དེ་འདི་འཆད་པ་ཡོད་དམ་ཞེས་དྲིས་པས། སོ་མ་ནཱ་ཐ་ཞེས་བྱ་བས་འཆད་ཅེས་གྲག་གོ་ཞེས་ཟེར་ནའང་། སྔོན་གྱི་མི་ཞིག་ཀ་ཡིན་ནམ་སྙམ་ནས་རྩད་ལེགས་པར་མ་བཅད་གསུང་། དེ་ནས་ཁམས་པ་ལྷེའུ་བ་ལ་སྤྱོད་ཕྱོགས་གསན་པ་ལ་དབུས་སུ་བྱོན་ནས་ཆོས་གསན་ཅིང་བཞུགས་པའི་དུས་ན། པཎྜི་ཏ་ཟླ་བ་མགོན་པོ་སྐར་ཆུང་ན་བཞུགས་ཟེར་བ་གསན། དེར་སྔར་གྱི་གཏམ་དྲན་ཏེ། དེས་རྡོར་སྙིང་འགྲེལ་པ་མཁྱེན་ནམ་ཞེས་དྲིས་པས། དེར་མ་ཟད་ཀྱི་སྤྱིར་གསང་སྔགས་ཙམ་ལ་མཁས། ཁྱད་པར་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་པ་ཆེན་པོས་ཐོག་དྲངས་པ་འགྲེལ་པ་སྐོར་གསུམ་ལ་མཁས་པར་གྲགས་སོ་ཞེས་གསུངས། ཞུས་ན་གནང་ངམ་ཞེས་དྲིས་པས། སྤྱིར་བཀའ་དོག་སྟེ། ད་ལྟ་བལ་ཡུལ་དུ་གཤེགས་པར་ཆས་པ་ལ་ཞབས་ཏོག་པ་མ་རྙེད་འདུག་ཟེར་བས་ཞབས་ཏོག་ལ་འགྲོ་ནུས་ན་གནང་འོང་གསུང་། དེར་དགྱེས་བཞིན་དུ་མཇལ་དུ་བྱོན་ནས། སུམ་པ་རྡོ་རྗེ་གཞོན་ནུ་ལ་མཇལ་བ་དང་། ཆོས་ཞུ་བའི་སྣ་བོ་བཅོལ་ཏེ་ཕྱིན་པ། པཎྜི་ཏ་དང་བླ་མ་གནམ་ལ་བརྩེགས། ཀྱེའི་རྡོ་རྗེའི་རྩ་སྔགས་དང་། ཡི་གེ་བརྒྱ་པ་ལ་ཞུས་དག་མཛད་ཅིང་འདུག་པའི་ཚེ་མཇལ་ཞིང་ཆོས་འབྲེལ་ཞུས་པས། སྔགས་གཉིས་པོ་ལ་བཤད་པ་མཛད་དེ་གསུངས། ཆང་དཀར་ཡོལ་གང་ཡང་གནང་བས་མ་འཐུངས་པ་ལ་བླ་མས་གནང་བ་མི་འཐུང་བ་ཁྱེད་སྟངས་ཞན་ཞེས་འགའ་ཞིག་ཟེར་རོ།།྄ པཎྜི་ཏས་གསེར་ཐིག་པོ་དང་། གླ་རྩི་སྐྱལ་པ་མང་པོ་བསྟན་ནས་འདི་རྣམས་ཁྱེད་ཀྱིས་བལ་ཡུལ་ཐུག་ཁུར་ནུས་ཤིང་མགོ་ཐོན་ན། དེ་ནས་ངས་བོད་དུ་སླར་འོངས་ལ་ཆོས་གང་དགོས་སྦྱིན་ནོ་གསུང་། དེ་བཞིན་དུ་བྱའོ་སྙམ་ནས་སྒོམ་པ་ཚུལ་གྲགས་ལ་དཔེ་ཆ་རྣམས་བཅོལ་བ་ལེན་དུ་བྱོན་པས། ཁྱོད་གར་འགྲོ་ཟེར་བ་ལ། སྔར་གྱི་ལོ་རྒྱུས་རྣམས་བསྙད་པས། པཎྜི་ཏ་ལ་ཆོས་མི་ཁུགས་སྔར་ཡང་མང་པོས་མ་ཁུགས་པ་ཡིན། པཎྜི་ཏའི་ཆོས་རྣམས་ཅིས་ཀྱང་དོན་དུ་གཉེར་ན་ངེད་ཀྱི་བླ་མ་སྣོར་བཟངས་པས། རྫོགས་པར་མཁྱེན་པས་དེར་ཞུས་པ་མི་འཐད་དམ་ཞེས་ཟེར་བས་བློ་འགྱུར་ཏེ་སྟོན་པ་རྒྱལ་བ་འོད། སྒོམ་པ་དབང་བསོད། སྒོམ་པ་ཚུལ་གྲགས་གསུམ་ལ་ཞུས་སྣ་བཅོལ། གསེར་ཞོ་འགའ་ཞིག་དང་དུང་ཆོས་ལེགས་པ་གཅིག ཀ་པཱ་ལི་ག ཅིག་རྣམས་ཕུལ་བས་མཉེས་ཏེ། ཁྱོད་ཀྱི་འདི་རྣམས་ཀྱང་ལ་ཉེ་བཟང་། སོག་འདུལ་བ་འཛིན་པ་དེ་དགེ་བའི་བཤེས་གཉེན་ཚད་ལྡན་ཅིག་ཡོད་པར་འདུག་སྟེ། དེའི་ཡང་ཐུགས་ཟིན་པ་ཅིག་ཡིན་ཟེར་བས་ཁྱོད་ལ་ཡོན་ཏན་ཅིག་ཡོད་པ་ཡིན་ཏེ་འོང་གསུངས་ནས། ཆོས་གནང་བར་ཞལ་གྱིས་བཞེས། བླ་མ་དགུང་ལོ་བདུན་ཅུ་རྩ་གཉིས་པ་དང་མཇལ་ཏེ་ལོ་བཞིར་བར་མེད་དུ་བསྟེན་ནས། འགྲེལ་པ་སྐོར་གསུམ་གྱི་གཞུང་མན་ངག་ཆ་ལག་དང་བཅས་པ་དང་། མཚན་བརྗོད་མན་ངག་གི་བཤད་པ་དང་། གསང་འདུས་སྒྲོན་གསལ་ལ་སོགས་པ་གསན་པའི་དུས་སུ། བླ་མ་བག་ཙམ་བསྙུང་བ་བྱུང་བ་ན། གཙང་སྟོན་འདི་ལ་ཆོས་མ་ཕོགས་ཀྱི་བར་ལ་ང་མ་བསད་ ང་མ་བསད་ ཅེས། མཁའ་འགྲོ་མ་ལ་གསོལ་བ་བཏབ་ནས་གདམས་པ་ཐམས་ཅད་རྫོགས་པར་གནང་ངོ་།། དེ་ནས་འུ་ཡུག་ཏུ་ལྔ་བཅུ་པ་ལ་བྱོན་ནས་ནུབ་མའི་མདའ། རྒྱལ་ཁབ་ཅེས་པར་གཞི་ཕབ་སྟེ། ཕུ་རུ་དབེན་གནས་ཀྱང་མཛད་ཅིང་། གག་ཚངས་ཀྱི་ཕུའི་བྲག་ཕུག་ཏུའང་ཐུགས་དམ་ཡུན་རིང་དུ་མཛད་ནས་གྲུབ་པ་ཐོབ་སྟེ། དབང་དང་ཟབ་ལམ་གྱི་ཁྲིད་དང་འགྲེལ་པ་སྐོར་གསུམ་ཆ་ལག་དང་བཅས་པའི་གཞུང་བཤད་མང་དུ་གསུངས། གསལ་སྒྲོན་བཞི་དང་གཅེས་བསྡུས་ལ་སོགས་པའི་ གདམས་པའི་བསྟན་བཅོས་ཀྱང་མང་དུ་མཛད་ནས། དགུང་ལོ་བརྒྱད་ཅུའི་བར་དུ་བཞུགས་ཏེ། བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ཡིན་ནོ་ ལོ་རྒྱུས་འདི་རྣམས་ནི་རྗེ་བཙུན་ཉིད་ཀྱི་གསུང་ལ་ཆོས་དབང་གིས་ཟིན་བྲིས་མཛད་པའི་གསུང་སྒྲོས་རྒྱས་པའི་ནང་བཞིན་བྲིས་པ་ཡིན་ཞིང་། འགའ་ཞིག་གིས་སྲས་ཀྱི་མཚན་ཡབ་ལ་བཏགས་པ་དང་།