R1180: སེམས་འགྲེལ་བསྐོར་གསུམ་གྱི་བླ་མའི་རྒྱུད་རིམ་གསལ་བ།

  • Pagination (Witness A): [-]
འདིར་ཀུན་ཏུ་ཤེས་པ་བྱུང་ན་མི་ཉན་ནམ་གསུང་ངོ་།། དེ་ཉིད་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་པར་མཁྱེན་ནས་དད་གུས་སྐྱེས། ཕྱག་བྱས་མཎྜལ་ཕུལ་ནས་ཞུས་པས། དབང་བསྐུར། གདམས་ངག་གནང་། རྒྱུད་རྣམས་གསུངས་ཏེ། བྱང་ཆུབ་སེམས་དཔའི་ཆོས་སྐོར་རྣམས་ཤེས་པར་གྱུར་ཅིག་གསུངས་ནས། མེ་ཏོག་གཅིག་མགོ་ལ་བཞག་པས་ཐམས་ཅད་ཐུགས་སུ་ཆུད་དེ། སློབ་དཔོན་དེ་མི་སྣང་བར་གཤེགས་སྐད། དེ་ནས་ཚུར་རེས་ཀྱང་ཚོང་པ་རྣམས་དང་འགྲོགས་ཏེ་གཟིངས་ལ་བྱོན་ནས་སླར་རྒྱ་གར་ཤར་ཕྱོགས་སུ་བྱོན་ནོ།། ཡང་ལུགས་གཅིག་ལ། ཙི་ལུ་པཎྜི་ཏ་དེ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་ཅིག་གི་སྲས་ཡིན་པས་ཡབ་ཀྱིས་ཤམྦྷ་ལར་ཁྲིད་ནས་བྱོན་པས། སྤྱན་རས་གཟིགས་ཀྱི་སྤྲུལ་པ་དགེ་སློང་ཤིན་ཏུ་གཟུགས་བཟང་བ་གཅིག་དང་མཇལ་ཏེ། དེ་ལ་དབང་གདམས་པ་མ་ལུས་པར་ཞུས་ཤིང་། དེ་ཉིད་ཀྱིས་བྱིན་གྱིས་བརླབས་པས་ཞག་རེ་ལ་ཤོ་ལོ་ཀ་སྟོང་རེ་ཟིན་པར་གྱུར་ནས། རྒྱུད་འགྲེལ་ཐམས་ཅད་ཐུགས་ལ་བཟུང་སྟེ་རྒྱ་གར་དུ་བྱོན། རབ་ཏུ་བྱུང་བས་ཙི་ལུ་པ་ཞེས་གྲགས་སོ།། དེ་ནས་སློབ་དཔོན་དེ། ཀ་ཏ་ཀའི་རྒྱལ་པོའི་གནས་སུ་བཞུགས་པས་སློབ་མ་གསུམ་བྱུང་སྟེ། དེ་རྣམས་ཀྱིས་རྒྱུད་འགྲེལ་རྣམས་གླེགས་བམ་དུ་འདྲི་བར་ཞུས་ནས་བྲིས་སོ།། གཅིག་སློབ་མ་ཐ་མལ་པ་ཅིག་བྱུང་། གཅིག་ཛ་ཡཱ་ཀ་ར་གུབྟ་ཞེས་པ་གྲུབ་པ་བརྙེས་པ་ཞིག་བྱུང་། གཅིག་ཤར་ཕྱོགས་བྷ་ག་ལར་འཁྲུངས་པ་པི་ཏོ་ཨཱ་ཙཪྱ་ཞེས་པ་ཤིན་ཏུ་མཁས་པ་ཞིག་བྱུང་སྟེ། དེས་བྱང་ཆུབ་སེམས་དཔའི་ཆོས་སྐོར་མ་ལུས་པ་ཐུགས་སུ་ཆུད་ཅིང་སྐུ་ཉམས་སུ་བཞེས་སོ།། དེ་ནས་ཡུལ་དེར་རྒྱལ་པོ་གཞན་གྱི་དམག་གི་གནོད་པ་བྱུང་ནས་གླེགས་བམ་ཐམས་ཅད་དོང་དུ་སྦས་ཏེ་བྲོས་སོ།། དམག་གྱེས་ནས་བལྟས་པས་ཀྱེའི་རྡོ་རྗེ་དང་། བདེ་མཆོག་གི་རྒྱུད་གཉིས་ཀྱི་འགྲེལ་པའི་སྨད་མི་འདུག་ནས་འབྲི་བར་ཞུས་པས། མཁའ་འགྲོ་མས་སྦས་པས་འདྲིར་མི་རུང་གསུང་སྟེ་མ་གནང་ནས་སླར་རྒྱ་གར་ཤར་ཕྱོགས་སུ་གཤེགས་སོ།། དེར་པི་ཏོ་བ་ལ་པཎྜི་ཏ་ཨཱ་ཙཪྱ་ཞེས་ཀྱང་གྲགས་ཤིང་། དེ་ཉིད་ཀྱིས། བ་རེན་ཏྲར་སྐུ་འཁྲུངས་པའི་སློབ་དཔོན་དུས་ཞབས་པ་ཆེན་པོ་ལ་གསུངས་ཤིང་། དེས་ཀྱང་ཡོངས་སུ་རྫོགས་པར་མཁྱེན་ནས་ཐུགས་ཉམས་སུ་བཞེས་སོ།། ཁ་ཅིག་ན་རེ་དུས་ཞབས་པ་དེ་ཉིད་ཀྱིས་སྒྲོལ་མ་འགྲུབ་ནས་ཅི་འདོད་པ་ཞུ་རུ་ཡོད་པས་སྒྲོལ་མས་ལུང་བསྟན་ནས། ཤམྦྷ་ལར་བྱོན་པ་སྤྱན་རས་གཟིགས་ཀྱིས་ལམ་ནས་བསུས་ནས་མ་ལ་ཡའི་ཚལ་དབུས་ཀྱི་དཀྱིལ་འཁོར་གྱི་ཁང་པར་ཁྲིད་དེ། དབང་བསྐུར་རྒྱུད་འགྲེལ་པ་རྣམས་གསུངས། གདམས་པ་དང་དཔེ་རྣམས་ཀྱང་གནང་སྟེ་སླར་རྒྱ་གར་དུ་བྱོན་ནོ།། དེ་ནས་ཤར་ཕྱོགས་པུཥྤ་གྲྀ་ཧ་ཞེས་བྱ་བའི་གྲོང་ཁྱེར་དུ་བཞུགས་པས། སློབ་མའི་མཆོག་བཞི་བྱུང་སྟེ། དུས་ཞབས་པ་གཉིས་པ་དང་། དུལ་བའི་འབྱུང་གནས་བློ་གྲོས་དང་། སེངྒེ་རྒྱལ་མཚན་དང་། མཐའ་ཡས་རྣམས་སོ།།
ནཱ་ལན་དྲ་པ། དེ་ལ་དུས་ཞབས་པ་གཉིས་པ་ནི། རྒྱ་གར་ཤར་ཕྱོགས་མཉྫུ་ཧ་དེ་ཤར་སྐུ་འཁྲུངས་པ། མཚན་བོ་དྷི་པ་ཞེས་ཀྱང་ཟེར། ནཱ་ལན་ད་པ་ཞེས་ཀྱང་གྲགས་སོ།། ཅིག་རཏྣ་ཀ་ར་དང་གཅིག་ཏུ་འདོད་པ་ནི་མི་འཐད་དེ། དེ་ནི་སཱ་དྷུ་པུ་ཊའི་སློབ་མ་ཡིན་པས་དུས་འཕྱི་བས་སོ།། ཞེས་གསུང་། ཡང་འགའ་ཞིག་ན་རེ། དུས་འཁོར་ཞབས་པ་གཉིས་པས་རཏྣ་ཀ་ར་གུབྟ་ལ་གསུངས། དེས་ནཱ་ལན་དར་དར་བར་བྱས་ཟེར་བ་ཡང་མི་འཐད་དེ། དེ་གཉིས་གྲོགས་མཆེད་ཡིན་ཅིང་། དུས་ཞབས་པ་གཉིས་པ་ཉིད་ཀྱིས་ནཱ་ལན་དར་བྱོན་ཅིང་། དུས་ཀྱི་འཁོར་ལོའི་ལྷ་ཁང་ཡང་བཞེངས་ནས་པཎྜི་ཏ་མང་པོ་སློབ་མར་བཅུག་པའི་ལོ་རྒྱུས་བྲིས་པ་མཐོང་བའི་ཕྱིར་རཏྣ་ཀ་ར་མི་དགོས་གསུང་། དེ་ཉིད་ཀྱིས་མ་ག་དྷཱར་དར་ན་གཞན་ཐམས་ཅད་དུའང་དར་བར་འགྱུར་རོ་སྙམ་དུ་དགོངས་ནས། མ་ག་དྷཱའི་རྒྱལ་པོ་ཤིང་སྟན་ཅན་གྱིས་བྱེད་པའི་དུས་སུ་ནཱ་ལན་དར་བྱོན་ནས། གཙུག་ལག་ཁང་གི་སྒོ་གོང་དུ་རྣམ་བཅུ་དབང་ལྡན་དང་དེའི་འོག་ཏུ། གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ།། གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ།། གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ།།