[A:136]
གནས། ད་ཤ་བ་ལ། འདྲེན་པའི་དཔལ། ཤྲཱི་གུཔྟ། བློ་གྲོས་འབྱུང་གནས། དཀར་མིན་སྤྲིན། ཛྙཱ་ན་མི་ཏྲ། བདེ་ཆེན་རྡོ་རྗེ། ཏཱ་ར་ནཱ་ཐ་མན་ལཱུ་ཧིའི་བདེ་རམས་བརྒྱུད་པ་ལྟར་རོ༎ ་༎འཕགས་ཡུལ་གྲུབ་པའི་སློབ་དཔོན་རྣམས་ཀྱིས་བཤད་རྒྱུད་མངོན་བརྗོད་བླ་མའི་སྟོད་སྨད་ཁོག་བསྡེབས་ནས་བཀྲལ་བའི་བདེ་མཆོག་ཁྲོ་བོ་རྡོ་རྗེ་སེམས་དཔའ་ལྷ་ལྔ་བཅུ་རྩ་གཅིག་པའི་དཀྱིལ་འཁོར་དུ་ཇོ་ནང་བདེ་རམས་སྒྲུབ་ཐབས་དང་། ནག་པོའི་དཀྱིལ་ཆོག་ཁ་བསྒྱུར་བའི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི་གོང་གི་དྲག་པོ་ཕྱག་འབུམ་ལྟར་ལ། ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏེར་ལའོ༎ ་༎གྲུབ་ཆེན་ཤ་བ་རཱི་དབང་ཕྱུག་དང་། པཎྜི་ཏ་ཛ་ཡ་སེ་ནཱ་སོགས་ཀྱིས་རྩ་བརྒྱུད་དང་མཁའ་འགྲོ་རྒྱ་མཚོའི་རྩ་བཤད་སྦྱར་ནས་དཔལ་དུས་ཀྱི་འཁོར་ལོ་དང་མཐུན་པར་བཀྲལ་བའི་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་ལྷ་སྟོང་དང་ལྔ་བརྒྱ་དང་བཞི་པའི་དཀྱིལ་འཁོར་ཆེན་པོར་ངོར་ཆེན་རྡོ་རྗེ་འཆང་གི་སྒྲུབ་ཐབས། དཀྱིལ་ཆོག་སྔགས་ཕྲེང་། མཆོད་ཕྲེང་། སངས་ཕུན་གྱི་ཟུར་འདེབས་བཅས་པའི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་རྡོ་རྗེ་འཆང་། རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། འཕགས་པ་སྤྱན་རས་གཟིགས། བྱང་སེམས་བློ་གྲོས་རིན་ཆེན། གྲུབ་ཆེན་ཤ་བ་རཱི་དབང་ཕྱུག་མངའ་བདག་མཻ་ཏྲི་གུཔྟ། རྒྱ་གར་ཕྱག་ན་རྡོ་རྗེ། སློབ་དཔོན་ཀ་མ་ལ་བཛྲ། པཎྜི་ཏ་ཛ་ཡ་སེ་ནཱ། སུམ་པ་ལོ་ཙཱ་བ་དར་མ་ཡོན་ཏན། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་པཎ་ཀུན་དགའ་རྒྱལ་མཚན། བླ་མ་སྐྱོབ་པ་དཔལ་བཟང་པོ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག་མང་མཁར་ལོ་ཙཱ་བ་མཆོག་ལྡན་ལེགས་བློ། སྣར་ཐང་པ་བག་སྟོན་