[A:159]
མེད་པའི་སྐོར་ལ་རྩ་རྒྱུད་དང་། བཤད་རྒྱུད་གཉིས་ལས། དང་པོ་ནི། དཔལ་ཀྱེ་རྡོ་རྗེ་རྩ་བའི་རྒྱུད་འབུམ་ཕྲག་ལྔ་པའི་སྙིང་པོ་བརྟགས་པ་གཉིས་པ་ནས་གསུངས་པའི་དགེས་མཛད་ཧེ་རུ་ཀ་ལ་བོད་གངས་ཅན་གྱི་ལྗོངས་འདིར་བཀའ་སྲོལ་མང་དུ་མཆིས་པ་ལས། བཀའ་ཡོད་ལ་ལྷད་མེད་པ་སྙན་བརྒྱུད་ཚད་མ་བཞིའི་བརྒྱུད་པ་ཟམ་མ་ཆད་པ་ནི་རྗེ་བཙུན་ས་སྐྱ་པ་ཆེན་པོ་འབའ་ཞིག་ལ་བཞུགས་པ་ཉིད་དེ། དེ་ལའང་བཀའ་བབས་ཆེན་པོ་བཞི་ལས། དང་པོ་འཇིགས་བྲལ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིཪྺ་པས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལས་དངོས་སུ་གསན་པའི་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ལྷ་དགུའི་དཀྱིལ་འཁོར་ཆེན་པོར་དཀོན་མཆོག་ལྷུན་གྲུབ་ཀྱི་སྒྲུབ་དཀྱིལ་ཆ་ལག་དང་། མཚམས་སྦྱོར་བཅས་ཀྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་ཆེན་པོ། རྡོ་རྗེ་བདག་མེད་མ། གྲུབ་ཆེན་བིཪྺ་པ། ཤར་ཕྱོགས་ནག་པོ་པ། རྒྱལ་རིགས་ཌཱ་མ་རུ་པ། གཉིས་སྤངས་ཨ་ཝ་དྷཱུ་ཏི། པཎ་གྲུབ་ག་ཡ་དྷ་ར། སྒྲ་སྒྱུར་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། བླ་མ་སེ་མཁར་ཆུ་བ་ཀུན་རིག་ཞང་དགོན་པ་བ་ཆོས་འབར། དཔལ་ས་སྐྱ་པ་རྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན། ཞང་སྟོན་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ་བསོད་ནམས་དཔལ། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། དེ་གཉིས་ཀས་རྒྱལ་ཚབ་དམ་པ་ཀུན་དགའ་